གསར་འགོད་པ་ལྐོག་གསོད།

ཁ་སང་ཕྱི་ཚེས་ ༣༡ ཉིན་གསར་འགོད་པ་སཱ་ལེམ་(Saleem Shahzad) ཟེར་པ་ཁོང་པ་ཀི་སི་ཐན་ནང་ལྐོག་གསོད་བཏང་པའི་ཕུང་པོ་རྙེད་སོན་བྱུང་ཡོད་འདུག་ལ། ཨ་རིའི་དྲུང་ཆེ་ཧེ་ལཱ་རེས(Hillary Clinton) ལགས་ཀྱིས་གསར་འགོད་པ་ཁོང་གི་རྐྱེན་འདས་ཐད་བློ་འཚབ་དང་ཤི་རྐྱེན་ལ་ཞིབ་བཤེར་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པ་སཱ་ལེམ་ལགས་ནི་ཨི་ཊ་ལེའི་(AKI)གསར་ཁང་གི་གསར་འགོད་པ་དང་ཡེ་ཤ་ཡའི་(Asia Times Online) དྲ་ཐོག་དུས་བབ་ཀྱི་ས་གནས་གསར་ཁང་གི་འགན་འཛིན་ཡིན་ཞིང་། ཉེ་ཆར་ཁོང་གིས་པ་ཀི་སི་ཐན་ནང་གི་ཨོལ་ཁ་ཊའི་གནས་ཚུལ་དང་འབྲེལ་པའི་རྩོམ་ཡིག་ཅིག་སྤེལ་པ་ནས། ཁོང་པ་ཀི་སི་ཐན་གསང་པའི་ལས་ཁུངས་ཀྱི་བཀག་ཉར་འོག་ཡོད་ཅིང་། ཉིན་ཤས་སྔོན་ནས་ཁོང་བོར་བརླག་ཏུ་ཕྱིན་པའི་གནས་ཚུལ་ཐོན་འདུག་ལ། ཁ་སང་གཟའ་མིག་དམར་ཉིན་ཁོང་གི་ཕུང་པོ་ཆུ་ཡུར་ཞིག་ས་རྙེད་སོན་བྱུང་སྟེ་བརྟག་དཔྱད་བྱས་སྐབས། ཁོང་གི་ཕུང་པོའི་སྟེང་རྨ་ཤུལ་ ༡༥ ཙམ་ཡོད་པ་ལས་མེ་མདའ་བརྒྱབ་པའི་མདེའུ་ཤུལ་མེད་པ་ཁ་གསལ་བྱུང་འདུག

ད་ལྟ་པ་ཀི་སི་ཐན་གཞུང་གིས་ཁོང་བཙན་ཁྲིད་དང་དམར་གསོད་གཏོང་མཁན་སུ་ཡིན་ཞིབ་བཤེར་བྱ་དགོས་པའི་བཀའ་བཏང་འདུག འོན་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་དོན། སཱ་ལེམ་ཁོང་གིས་ཉེ་ཆར་པ་ཀི་སི་ཐན་ནང་གི་ཨོལ་ཁ་ཊའི་གནས་ཚུལ་དང་འབྲེལ་པ་ཀི་སི་ཐན་གསང་པའི་ལས་ཁུངས་ཀྱི་གནས་ཚུལ་སྐོར་ལ་རྩོམ་ཡིག་སྤེལ་སྟབས། ཁོང་པ་ཀི་སི་ཐན་གསང་པའི་ལས་ཁུངས་ཀྱིས་བཀག་ཉར་བྱས་པ་དང་། པ་ཀི་སི་ཐན་ནི་གསར་འགོ་པའི་རང་དབང་དང་སྲིང་སྐྱོབ་སྡུག་ཤོས་དེ་ཆགས་ཡོད། པ་ཀི་སི་ཐན་ནང་གི་གསར་འགོད་པར་གཞུང་དང་འཇིགས་སྐུལ་རིང་ལུགས་པ་ཕྱོགས་གཉིས་ཀའི་གནོན་ཤུགས་དང་ཉེན་ཁ་འཕྲད་བཞིན་ཡོད། ཅེས་བསྒྲགས་འདུག

པ་ཀི་སི་ཐན་དང་ཕྱི་ཕྱོགས་ཀྱི་ཐེར་འདོན་དཔྱད་བརྗོད་པ་མང་པོ་ཞིག་གིས་སཱ་ལེམ་ཁོང་ནི་ཕྱོགས་ལྷུང་མེད་པའི་གསར་འགོད་པ་ཞིག་ཡིན་སྟབས། ཕྱོགས་གཉིས་ནས་འཇིགས་སྐུལ་དང་གནོན་ཤུགས་ཡོད་ངེས། འོན་ཀྱང་། ཐེངས་འདིའི་ཁོང་གི་འཆི་རྐྱེན་གྱི་འགན་འདི་གཙོ་བོ་པ་ཀི་སི་ཐན་གྱི་གསང་པའི་ལས་ཁུངས་དང་འབྲེལ་པ་ཆེན་པོ་ཡོད་ཚུལ་གླེང་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “གསར་འགོད་པ་ལྐོག་གསོད།