ཕྱི་ཟླ་ ༤ ཚེས་ ༢༩ ཉིན་བཀའ་དྲུང་ཡིག་ཚང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཕྱག་རྟགས་ཞུས་དགོངས་ལྟར། ཧྥ་རན་སིར་གནས་བཞུགས་ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་དང་འབྲེལ། ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་ལས་བཅར་མགོ་འཛུགས་ཞུ་དགོས་པའི་བཀོད་རྒྱ་ཞིག་ཕེབས་ཡོད་ནའང་། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་དེ་སྔའི་བཀོད་རྒྱའི་ནང་འཁོད་ལྟར་ཕྱི་ཟླ་ ༦ ཚེས་ ༡ ནས་ཕྱག་ལས་དབུ་འཛུགས་མ་དགོས་པ་དང་། ཞིབ་ཆའི་གནས་ཚུལ་རྗེས་སུ་འབུལ་རྒྱུ་དགོངས་འཇགས་དགོས་སྐོར་གྱི་བཀོད་རྒྱ་གསར་པ་ཞིག་ཕེབས་ཡོད་འདུག
འདི་གའི་གསར་འགོད་པས་བཀོད་རྒྱ་འདི་བཞིན་དོན་གཅོད་གསར་བསྐོ་ཕྱིར་བསྡུའམ་ལས་བཅར་ཕྱིར་འགྱངས་གང་ཡིན་དང་། ཞིབ་ཕྲའི་གནས་ཚུལ་ཅི་ཡིན་ཐད་འབྲེལ་ཡོད་བཀའ་དྲུང་ཡིག་ཚང་དང་ཕྱི་དྲིལ་ལས་ཁུངས། སྦར་སིལ་སྐུ་ཚབ་དོན་གཅོད་ཁང་བཅས་ལ་བཀའ་འདྲི་བྱས་པར། བཀའ་དྲུང་ཡིག་ཚང་ལ་ཁ་པར་བརྒྱུད་འབྲེལ་ལམ་ཞུས་ནའང་འབྲེལ་གཏུགས་ཐུབ་མ་སོང་ལ། ཕྱི་དྲིལ་ཟུང་འབྲེལ་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཀྱིས་༼ དེའི་སྐོར་ཁ་སང་བཀའ་དྲུང་ཡིག་ཚང་ནས་བཀོད་རྒྱ་ཞིག་གནང་ཚར་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་གང་ཡིན་སྐུ་ངོ་དྲུང་ཆེས་མཁྱེན་གྱི་ཡོད་ན་མ་གཏོགས་ངས་གསལ་བོ་ཤེས་མ་སོང་། སྐུ་ངོ་དྲུང་ཆེ་དེ་རིང་སང་ཉིན་གྲོས་ཚོགས་ལ་ཕེབས་ཀྱི་ཡོད་པ་རེད། ༽ཅེས་ཁོང་གིས་དེའི་སྐོར་མཁྱེན་རྟོགས་གང་ཡང་མེད་པའི་འགྲེལ་བརྗོད་གནང་སོང་། སྦར་སིལ་སྐུ་ཚབ་དོན་གཅོད་ལས་རོགས་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་དོན་གཅོད་ཁང་ལ་ད་དུང་ཞིབ་ཕྲའི་གནས་ཚུལ་གང་ཡིན་གྱི་བཀོད་ཁྱབ་སོགས་འབྱོར་མེད་ཅིང་། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ཡོད་ཚེ་བཀའ་དྲུང་ཡིག་ཚང་ངམ་ཐུབ་བསྟན་རྒྱ་མཚོ་སྒེར་ངོས་ལ་འབྲེལ་བ་གནང་ན་གསལ་བོ་ཡོད་ཚུལ་དང་། བཀའ་ཤག་དང་ཐུབ་བསྟན་རྒྱ་མཚོ་གཉིས་ཉེ་སྔོན་མཇལ་འཕྲད་ནང་མོལ་གནང་ཡོད་པ་རེད། ཅེས་གསུངས་བྱུང་།
ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་སྐུ་སྒེར་ཡིག་ཚང་བརྒྱུད་༧གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་ཞིག་ཕུལ་ཡོད་འདུག་ལ། སྙན་ཞུའི་ནང་ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་དང་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེར་ནང་མོལ་མཇལ་འཕྲད་སྐབས་ཀྱི་བྱུང་རིམ་གསལ་བཤད་དང་འབྲེལ། མཇལ་འཕྲད་སྐབས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཁོང་ལ་སྒེར་གྱི་དཀའ་ངལ་ཡོད་པའམ། དོན་གཅོད་གླ་བབ་འདོད་བློ་ཁེངས་བ་ཞིག་མེད་པའི་རྒྱུ་མཚན་གང་རུང་བགྲངས་ཏེ། དོན་གཅོད་གསར་བསྐོའི་ལས་གནས་ནས་དགོངས་པ་ཞུ་རོགས་ཞེས་གསུངས་ཚུལ་བཀོད་ཡོད། སྙན་ཞུའི་ནང་འཁོད་དོན། ༼ ཕྲན་ཉེ་ཆར་བཞུགས་སྒར་རྡ་རམ་སྰ་ལར་བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པར་བཅར་ཤུལ་དུ། ས་གནས་བོད་མི་བསམ་མེད་རེ་ཟུང་དང་། ཕྱི་གླིང་བ་ཁ་ཤས་མཉམ་འབྲེལ་ཐོག་ངའི་སྐོར་ལ་ཡིག་འཁྱམས་འདྲ་མིན་བོད་གཞུང་གི་ལས་ཁུངས་ཁག་ལ་བཏང་ཡོད་འདུག ཐོག་མར་རྡ་སར་འབྱོར་སྐབས་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་འབྱུང་འགྱུར་སྐུ་ཚབ་དོན་གཅོད་ཀྱི་ལས་ཀ་བྱ་ཕྱོགས་ཐད་ལམ་སྟོན་དང་འབྲེལ་ལམ་ཡོང་ཆེད་སྔོན་ནས་དུས་ཚོད་བཟོས་ཡོད་པ་ལྟར། ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤར་ཐུག་འཕྲད་དུ་ཕྱིན་པ་ཡིན། ཕྲན་ལས་ཁུངས་ནང་འབྱོར་མ་ཐག་ཨ་ཏི་ཤས་ང་ལ་གསུངས་དོན། ཁྱོད་ཉེ་ཆར་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་བྱས་ཀྱང་། ཕྱོགས་མང་བོའི་ཆ་ནས་བསམ་འཆར་ཡི་གེ་མང་པོ་འབྱོར་གྱིན་ཡོད་སྟབས། དོན་གཅོད་ལས་ཀ་ནས་དགོངས་པ་ཞུ་དགོས་ཀྱི་འདུག དེ་བཀའ་ཤག་གི་དགོངས་གཞི་ཡང་རེད་ཅེས་གསུངས་བྱུང་། ༽ ཅེས་དང་། ༼ ༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་ཟུང་འབྲེལ་གྱི་སྒོ་ནས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དང་། གནས་ཚུལ་འདིའི་ཐད་བཀའ་མོལ་ཞིབ་ཚགས་ཡོང་ཕྱིར་བཀའ་བློན་ཁྲི་བ་དང་ལྷན་དུ་གང་མགྱོགས་མཇལ་འཕྲད་ཀྱི་དུས་ཚོད་བཟོ་རོགས་ཞེས་ཞུས། ཟླ་བ་ ༥ ཚེས་ ༢༢ ཉིན་གྱི་ཞོགས་པ་དུས་ཚོད་ ༨ དང་སྐར་མ་ ༣༠ ཐོག་དཔལ་ལྡན་རང་གཞུང་བཀའ་ཤག་ནང་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་དང་མཇལ་འཕྲད་བྱུང་། བཀའ་བློན་ཁྲི་བ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལམ་སེང་ཕྲན་ལ་གསུངས་དོན། ངས་ཁྱེད་རང་ཏོག་ཙམ་མ་གཏོགས་ངོ་ཡག་པོ་ཤེས་ཀྱི་མེད། ཁྱེད་རང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་པ་ནས་བཟུང་སྟེ་ཡི་གེ་མང་པོ་ཞིག་བཀའ་ཤག་ལ་འབྱོར་སོང་། ད་ཁྱེད་རང་ལས་ཀ་དེ་ནས་དགོངས་པ་ཞུ་རོགས་ཞེས་གསུངས་བྱུང་། ཕྲན་གྱིས་རིན་པོ་ཆེར་ངས་སྐུ་ཚབ་དོན་གཅོད་ཀྱི་ལས་ཀ་མགོ་བཙུགས་མེད་ལ། ནོར་འཁྲུལ་དང་གནོངས་སོགས་གང་ཡང་མེད་པས་ཇི་ལྟར་དགོངས་པ་ཞུ་དགོས་སམ། ཞེས་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས། ཁྱེད་རང་གིས་ང་ལ་སྒེར་གྱི་དཀའ་ངལ་ཞིག་འདུག་ལབ་ནས་དགོངས་པ་ཞུ་བའམ། ཡང་ན་སྦར་སིལ་དོན་གཅོད་ཀྱི་གླ་ཕོགས་ཡུ་རོབ་ནང་གི་མཐོ་རིམ་ལས་བྱེད་གླ་ཕོགས་ནང་བཞིན་བོད་གཞུང་གིས་སྤྲོད་ཐུབ་ཀྱི་མེད་ཙང་། ཁྱེད་རང་གིས་རྒྱུ་མཚན་དེར་བརྟེན་ནས་དོན་གཅོད་ལས་ཀ་ནས་དགོངས་པ་ཞུ་རོགས་ཅེས་སྐུལ་སློང་བྱས་བྱུང་།༽ ཞེས་དང་། ཡང་སྙན་ཞུའི་ནང་མུ་མཐུད་དུ། ༼ ཕྲན་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་། གུས་པའང་ད་བར་དུ་བོད་སྤྱི་བའི་ལས་དོན་ཐད་ལྷག་བསམ་རྣམ་དག་གི་སྒོ་ནས་ཞབས་ཞུ་བསྒྲུབས་པ་ལ་གནོངས་ཉེས་ཅི་ཡང་མེད་པས་རིན་པོ་ཆེའི་བཀའ་གསུང་དེར་ཚོར་སྣང་དམིགས་བསལ་བ་ཞིག་སྐྱེས།༽ ཞེས་སོགས་བཀོད་ཡོད་པ་དང་། སྙན་ཞུའི་མཇུག་ཏུ་ཁོང་སྐུ་ཚབ་དོན་གཅོད་ལ་མུ་མཐུད་བསྐོ་འཇོག་གནང་མིན་ཇི་ལྟར་ཡང་། མ་ཉེས་ཁ་གཡོགས་དང་མི་ཚེར་དྲང་བདེན་མིན་པའི་ནག་ཉེས་བཙུགས་པ་ལ་དགོངས་བཞེས་གནང་དགོས་ཚུལ་བཀོད་འདུག ཕྱི་ ༥ ཚེས་ ༢༧ ཉིན་དེ་མཚུངས་ཀྱི་སྙན་ཞུ་ཞིག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་མཚན་ཐོག་ཏུའང་ཕུལ་ཡོད་འདུག
ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གསལ་བསྒྲགས་གནང་བ་ནས་སྤྱི་ཚོགས་ཐོག་གླེང་སློང་སྣ་ཚོགས་བྱུང་ཡོད་ལ། ཧྥ་རན་སིར་གནས་སྡོད་བོད་མི་སྒེར་བ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་རེ་ཟུང་། དེ་བཞིན་བོད་མི་དང་ཡུལ་མི་འགས་ཐུན་མོང་ཐོག་སྐུ་སྒེར་ཡིག་ཚང་དང་བཀའ་ཤག བཀའ་དྲུང་ཡིག་ཚང་། སྤྱི་འཐུས་ལྷན་ཚོགས། བོད་གཞུང་ཕྱི་དྲིལ་ལས་ཁུངས། ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་བཅས་ལ་དྲ་ལམ་ནས་མཚན་འཁོད་སྙན་ཞུ་ཕུལ་ཏེ། སྐུ་ཚབ་དོན་གཅོད་གསར་བསྐོ་འདི་འོས་འཚམ་མིན་པ་དང་ཐག་གཅོད་འདི་དང་ལེན་མི་ཐུབ་པའི་རྣམ་འགྱུར་བསྟན་ཡོད། ཧྥ་རན་སིར་གནས་བཞུགས་རེ་བྷེ་ཀ་དང་འཇིགས་མེད་གཉིས་ཀྱི་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་གྱི་མཚན་འཁོད་སྙན་ཞུའི་ནང་ ༼ ང་ཚོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ཡུ་རོབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བར་ཧ་ཅང་གི་བློ་ཕམ་བྱུང་། སྐུ་མདུན་བགྲེས་ཡོལ་དུ་ཕེབས་སྐབས་འདིར་བོད་གཞུང་གི་རྩ་བའི་སྲིད་བྱུས་འཛིན་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད་དམ། ཡང་ན་བོད་གཞུང་དེ་ཨ་ཧྥུ་རི་ཀའི་Banana Republic གཞུང་སྲིད་ཁག་ནང་བཞིན་ལྐོག་ཟ་རུལ་སུངས་ཀྱི་སྲིད་གཞུང་ཞིག་ཆགས་པ་ཡིན། གང་ལྟར་ཐག་གཅོད་འདིས་ང་ཚོར་བོད་གཞུང་གི་ནུས་འཇོན་ལ་དོགས་པ་ཟ་རུ་བཅུག་སོང་། ཐུབ་བསྟན་རྒྱ་མཚོར་སྐུ་ཚབ་དོན་གཅོད་གནང་ཐུབ་པའི་ཤེས་འཇོན་མེད་ཅིང་། བོད་ལ་ཕན་པའི་ལས་ཀ་སྒྲུབ་མི་ཐུབ་པ་དེར་དོགས་པ་གང་ཡང་མེད། ཐུབ་བསྟན་རྒྱ་མཚོར་སྐྱོན་ཆ་གང་ཡོད་ང་ཚོ་གཅིག་བུ་མིན་པར་ཧྥ་རན་སིར་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གང་མང་ཞིག་གི་མཐོང་ཆོས་སུ་ཡོད། སུ་ཞིག་གིས་ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་འོས་སྦྱོར་གནང་བ་ནི་ང་ཚོའི་བློ་ངོར་མི་ཤོང་བ་ཞིག་རེད། ༽ ཅེས་དང་། བོད་མི་བསྟན་འཛིན་ལྷུན་གྲུབ་འབོད་པ་ཞིག་གིས་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་ཕུལ་བའི་མཚན་འཁོད་སྙན་ཞུའི་ནང་ ༼ ང་བོད་པ་གཞོན་སྐྱེས་ཤིག་ཡིན། ད་ལྟ་ཧྥ་རན་སིར་གནས་སྡོད་བྱེད་ཀྱི་ཡོད་ལ། ཧྥ་རན་སིའི་ France télécom orange ནང་ལས་ཀ་བྱེད་ཀྱི་ཡོད། ངའི་མི་ཚེའི་དམིགས་ཡུལ་ནི་བོད་གཞུང་ནང་ལས་ཀ་བྱེད་རྒྱུ་དེ་ཡིན། ཡིག་རྒྱུགས་ཐེངས་གཉིས་བཏངས་ཀྱང་གཞུང་ཞབས་ནང་ཚུད་མེད། ཡིན་ནའང་ང་ལ་བློ་ཕམ་གང་ཡང་བྱུང་མ་སོང་། དེས་ང་ལ་བོད་གཞུང་ནང་ཕྱག་ལས་གནང་མཁན་ཚོ་ནི་ཡག་ཤོས་དང་རྩེ་དྲགས་ཡིན་པའི་ངེས་ཤེས་སྤྲད་བྱུང་། དེ་ལྟར་ཡང་ཉེ་ཆར་ཐུབ་བསྟན་རྒྱ་མཚོ་ལགས་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དེས་བོད་པ་གཞན་པ་ཚོ་ནང་བཞིན་ང་རང་ཧ་ཅང་ཧང་སངས་སུ་བཅུག ནམ་རྒྱུན་ང་རང་བོད་གཞུང་ལ་གང་བྱུང་ཞུ་སྙན་འབུལ་མཁན་དེ་འདྲ་མིན་ལ། ཐུབ་བསྟན་རྒྱ་མཚོ་དང་ངེད་གཉིས་བར་དམིགས་བསལ་སྒེར་འཁོན་གླེང་རྙོག་གང་ཡང་མེད། རང་ཉིད་བོད་པ་ཞིག་ཡིན་པའི་འགན་ཁུར་ནས་ཞུ་སྙན་འདི་འབུལ་གྱི་ཡོད་ལ། ཤེས་འཇོན་དབེན་པའི་མི་ཞིག་སྐུ་ཚབ་ཏུ་བསྐོ་བཞག་གནང་མཁན་ཚོས་ཐུགས་གཟབ་གནང་རྒྱུ་གལ་ཆེ། སྦར་སིལ། ལིག་སུམ་བྷོག སུ་ཊ་སི་བྷོག་བཅས་ནི་ཡུ་རོབ་མཐུན་ཚོགས་ཀྱི་ལས་ཁུངས་མ་ལག་ཚུགས་ཡུལ་གཙོ་བོར་སོང་། རྒྱ་ནག་མདུན་ནས་ང་ཚོར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པར་གལ་གནད་ཆགས་ཡོད་སྟབས་ཐག་གཅོད་འདི་ལ་ཐུགས་གཟབ་གནང་རོགས། ཐུབ་བསྟན་རྒྱ་མཚོ་ནི་ཧྥ་རན་སི་གཞུང་ལ་རྙོག་དྲ་ཡོད་མཁན་ཞིག་དང་བོད་མི་དང་ཧྥ་རན་སིའི་མི་མང་ཚོར་ཤུགས་རྐྱེན་ངན་པ་ཡོད་པའི་མི་ཞིག་ཀྱང་རེད། ༽ཅེས་དང་། ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཧྥ་རན་སི་བོད་ཚོགས་པ་ Association France Tibet དང་མི་སྒེར་ཁག་ཅིག་ཐུན་མོང་ཐོག་ཕུལ་བའི་སྙན་ཞུའི་ནང་། ཐུབ་བསྟན་རྒྱ་མཚོ་དོན་གཅོད་དུ་བསྐོ་བཞག་གནང་བ་དེར་བསམ་ཡུལ་ལས་འདས་པའི་བློ་ཕམ་བྱུང་ཚུལ་དང་། ཁོས་བོད་རིགས་ཚོགས་པའི་ཚོགས་གཙོ་འཁུར་ཡུན་རིང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ཉེས་འཛུགས་དང་མཐོང་ཆུང་། བར་ཐག་ཇེ་རིང་དུ་བཏང་བ་དང་། དེ་བཞིན་ཁོ་རང་དུས་རྒྱུན་སྤྱི་ཚོགས་འབྲེལ་ལམ་ཡག་པོ་མེད་པ་དང་། ལུས་ངག་གི་བྱ་སྤྱོད་རྩུབ་ཐོག་ཚོགས་པ་ཁག་གི་འབྲེལ་ལམ་ལ་བསམ་བློ་མི་གཏོང་མཁན་ཞིག་ཡིན་ཚུལ་དང་། འབྱུང་འགྱུར་སྐུ་ཚབ་ལས་འཁུར་སྐབས་ལས་འགུལ་མཉམ་རུབ་ལ་དཀའ་ངལ་འཕྲད་ངེས་ཡིན་ཚུལ་སོགས་བཀོད་དེ། ༼ ང་ཚོས་སྐུ་ཚབ་དོན་གཅོད་མི་བློ་རྒྱ་ཆེན་པོ་དང་། གཟིགས་རྒྱང་རིང་བོ། གུས་ཞབས་ཅན། མཚན་མཐོང་ཡོད་མཁན་ཞིག་བསྐོ་འཇོག་གནང་བའི་རེ་བ་འཛིན་གྱི་ཡོད། ༽ཅེས་འཁོད་ཡོད། གཞན་ཡང་བོད་མི་ཁག་ཅིག་དང་ཡུལ་མི་འགས་ཐུན་མོང་ཐོག་གོང་མཚུངས་མཚན་འཁོད་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག
སྤྱི་ཚོགས་ཐོག་བཀའ་ཤག་གིས་ཐུབ་བསྟན་རྒྱ་མཚོ་སྐུ་ཚབ་གསར་བསྐོའི་ལས་གནས་ནས་དགོངས་ཞུ་དང་། ཚོགས་པ་དང་མི་སྒེར་རེ་ཟུང་གིས་འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་ཞུ་ཕུལ་བའི་གནས་ཚུལ་ཁྱབ་སྐབས། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཞན་ཁག་ཅིག་དང་། བོད་རིགས་ཚོགས་པའི་རྒྱུན་ལས་ལས་ཐོག་ཚོས་གནས་སྟངས་དེར་བློ་ཕམ་དང་། འབྲེལ་ཡོད་ལས་ཁུངས་ཁག་ལ་ཁོང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་དེར་འགྱུར་བ་མི་གཏོང་བའི་འབོད་སྐུལ་ཞུས་ཡོད་འདུག ཕྱི་ཟླ་ ༥ ཚེས་ ༢༨ ཉིན་APACT བོད་དོན་རྒྱབ་ཚོགས་པས་ཕུལ་བའི་སྙན་ཞུའི་ནང་༼ ཚོགས་པ་འདིས་མི་ལོ་ ༢༦ རིང་བོད་དང་བོད་མི་སྐྱབས་བཅོལ་བ་ཚོའི་ཆེད་དུ་ལས་ཀ་བྱས་པ་ཡིན། ད་ལྟ་ཚོགས་མི་ལྔ་བརྒྱ་ལྷག་ཡོད། ང་ཚོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་སྦར་སིལ་དང་ཕ་རི་སིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་བ་དེར་དགའ་སྤྲོ་སྐྱེ་བཞིན་ཡོད་ལ། ཁོང་ནི་ལས་གནས་འདི་ལ་ཆེས་རན་ཤོས་ཀྱི་མི་སྣ་དང་། ཁོང་ལ་དེ་ཐད་ཀྱི་ཉམས་མྱོང་ཕྱུག་པོ་ཡོད་པའི་ངོས་འཛིན་ཞུ་གི་ཡོད་། ༽ ཅེས་དང་། ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཧྥ་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་ལས་ཐོག་ཚོས་ཕུལ་བའི་སྙན་ཞུའི་ནང་ ༼ ཉེ་ལམ་དཔལ་ལྡན་རང་གཞུང་གིས་བརྟག་དཔྱད་དང་འདེམས་ཐོན་བརྒྱུད་ཧྥ་རན་སི་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཡུ་རོབ་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བར་ས་གནས་བོད་རིགས་ཚོགས་པའི་ལས་ཐོག་རྒྱུན་ལས་རྣམས་ཀྱིས་དགའ་བསུ་དང་རྗེས་སུ་ཡི་རང་ཡོད། ཡིན་ཡང་སྐབས་འདིར་ས་གནས་འདི་གའི་མི་ཁ་ཤས་ཤིག་གིས་མི་སྒེར་བར་གྱི་དགའ་སྐྱོ་ལ་བརྟེན་ནས་ཁོང་ལ་སྐྱོན་བརྗོད་ཀྱི་ཡི་གེ་ཁ་ཤས་བཏང་ཡོད་པར་བརྟེན་རང་གཞུང་བཀའ་ཤག་གི་ངོས་ནས་ཁོང་ལ་དགོངས་པ་ཞུ་དགོས་ཞེས་གསུངས་འདུག་པའི་དངོས་དོན་དེ་ལ་བློ་ཕམ་དང་༽ ༼ རང་གཞུང་བཀའ་ཤག་གི་ངོས་ནས་མི་སྒེར་བའི་ན་ཚའི་ངོ་བོར་གྱུར་བའི་ཞུ་གཏུགས་ཡི་གེ་དེ་ཚོར་དབྱེ་ཞིབ་གང་ལེགས་ཀྱིས་ཐག་གཅོད་ཡོང་བའི་རེ་སྨོན་ ༽ཞེས་སོགས་བཀོད་ཡོད་འདུག་ལ། དེ་བཞིན་Tibet – Les enfants de l’espoir དང་ Montagne du Bonheur སོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ ༨ ཙམ་དང་། བོད་དོན་ཐད་ཕྱག་ལས་གནང་མཁན་དང་ཐུབ་བསྟན་རྒྱ་མཚོ་མི་སྒེར་ལ་འབྲེལ་བ་ཡོད་པའི་ཡུལ་མི་གང་མང་ཞིག་གིས་ཀྱང་སྐུ་སྒེར་དང་བཀའ་ཤག་སོགས་འབྲེལ་ཡོད་ལས་ཁུངས་ཁག་ལ་གོང་མཚུངས་ཀྱི་བློ་ཕམ་དང་འབོད་སྐུལ་ཞུས་ཡོད་པ་མ་ཟད། འདས་པའི་དུས་ཚོད་ནང་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བོད་དོན་དང་བོད་ཀྱི་ཆོས་དང་རིག་གཞུང་ཐད་ཕྱག་གང་གནང་དང་། གྲུབ་འབྲས་གང་ཐོན། དེ་བཞིན་ཁོང་གི་གཤིས་སྤྱོད་དང་ཤེས་འཇོན། ལྷག་བསམ། སྤྱི་ཚོགས་མཐུན་ལམ། ལས་འགུལ་མཉམ་རུབ་བཅས་ཚད་ལྡན་དང་མཐུན་འགྱུར་ཡག་པོ་ཡོད་པའི་གསལ་བཤད་ཀྱང་གནང་ཡོད་འདུག
འདི་ག་གསར་འགོད་པས་ཁ་པར་བརྒྱུད་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ལ་བཀའ་དྲུང་ནས་ཞིབ་ཆའི་གནས་ཚུལ་གནང་སོན་བྱུང་མིན་དང་། སྐུ་ཚབ་དོན་གཅོད་ནས་དགོངས་ཞུ་གནང་འཆར་ཡོད་མེད་བཀའ་འདྲི་ཞུས་བར། ཁོང་གིས༼ ང་ལ་གང་ཡང་འབྱོར་མ་སོང་། ཁ་སྔོན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དགོངས་པ་ཞུ་རོགས་ཟེར་བ་དེ་ཁྱོད་རང་སྒེར་ལ་གནད་དོན་འདུག་ཟེར་ནས་ཞུ་ཡི་མེད་ལ། ཁྱོད་རང་ལ་ཧྥ་རན་སིའི་ཁྲིམས་ཐོག་ནས་རྙོག་དྲ་འདུག་ཟེར་ནས་ཀྱང་ཞུས་པ་མིན། དེ་ག་ནང་བཞིན་ཁྱོད་ཀྱིས་ཚོགས་གཙོ་གནང་སྐབས་ཚོགས་པ་གཞན་པ་དེ་ཚོ་དང་མཐུན་ལམ་གནང་མི་འདུག མི་ཁ་ཤས་དང་ཚོགས་པ་ཁ་ཤས་ཤིག་གི་སྙན་ཞུ་འབྱོར་བ་ལ་བརྟེན་ནས་ཀྱང་ཞུས་པ་མིན། བཀའ་ཤག་ལ་ཁྱོད་སྐུ་ཚབ་དོན་གཅོད་དུ་མི་བསྐོ་རྒྱུའི་གནས་ཚུལ་གཞན་ཞིག་འབྱོར་ཡོད། དེ་བཀའ་ཤག་གིས་ཁྱོད་ལ་མི་བཤད་རྒྱུའི་ཐག་བཅད་ཡོད། ཅེས་གསུངས་སོང་། ད་དུང་རིན་པོ་ཆེས་ང་ལ་གལ་སྲིད་ད་ཐེངས་རང་ངོས་ནས་དགོངས་པ་ཞུས་ན་གནས་སྟངས་གཞན་པའམ། དུས་ཚོད་གཞན་པ། ཡང་ན་ས་ཆའམ་གནས་ཡུལ་གཞན་པ་ཞིག་ནས་ཞབས་ཞུའི་གོ་སྐབས་ཡོད་མི་སྲིད་པ་མ་རེད། ཅེས་ཀྱང་གསུངས་སོང་། ངས་ང་རང་གི་ད་བར་དུ་ལྷག་བསམ་རྣམ་དག་གིས་བོད་སྤྱི་བའི་ལས་ཀ་བྱས་པ་ཡིན་ལ། ད་དུང་ཡིན་ནའང་མུ་མཐུད་ནས་ལས་ཀ་བྱ་རྒྱུའི་འདུན་པ་བརྟན་པོ་ཡོད། མ་འོངས་པར་ཞབས་ཞུའི་གོ་སྐབས་གནང་ཡང་རུང་། མ་གནང་ཡང་རུང་། ཞིབ་ཆའི་གསལ་བཤད་གང་ཡང་མེད་པར་དགོངས་ཞུ་དགོས་ཚེ་སྤྱི་ཚོགས་ཐོག་ངའི་འབྱུང་འགྱུར་གྱི་འདུན་པ་དེ་ཚོར་འགོག་རྐྱེན་ཆགས་ཀྱི་ཡོད་ཙང་ངས་དགོངས་པ་ཞུ་ཐུབ་ས་མ་རེད་ཅེས་ཞུས་པ་ཡིན། སྐབས་དེར་དེ་ལྟར་ཞུ་རྒྱུ་བྱུང་ལ། ད་ལྟ་ད་དུང་ཡང་གསལ་བཤད་མེད་པར་རང་ངོས་ནས་དགོངས་པ་ཞུ་ཐུབ་ས་མ་རེད། ༽ ཅེས་འགྲེལ་བརྗོད་གནང་སོང་།
སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནི་བྷེལ་འཇམ་རྒྱལ་ས་སྦར་སིལ་ནང་རྟེན་གཞི་བྱས་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྐབས་གསུམ་པའི་བཀའ་ཁྲིའི་དངོས་གཞི་འོས་བསྡུ་སྐབས་སྐུ་ཚབ་དོན་གཅོད་ནས་རྩ་དགོངས་ཞུས་རྗེས། ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གནས་སྐབས་རིང་སྦར་སིལ་སྐུ་ཚབ་དོན་གཅོད་གཅིག་ལྕོགས་གནང་གི་ཡོད་པ་རེད།
ཧྥ་རན་སིའི་འདི་གའི་གསར་འགོད་པ་ཟླ་བ་ཚེ་རིང་ལགས་ཀྱིས་བཏང་འབྱོར་བྱུང་།