སེ་རི་ཡའི་གནས་སྟངས།

སེ་རི་ཡའི་དམངས་གཙོ་བཅོས་བསྒྱུར་གྱི་ལས་འགུལ་དེ་གཞི་རྒྱ་ཆེ་རུ་ཕྱིན་ཏེ། གཞུང་དམག་དང་གྱེན་ལངས་ཤོག་ཁག་བར་གདོང་ཐུག་བསྟུད་མུར་བྱུང་སྟེ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་ཡ་ང་བ་འབྱུང་བཞིན་ཡོད་པ་མ་ཟད། མི་སེར་སྟོང་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་བྱེད་ཀྱིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡ ཉིན་རང་ལོ་ ༡༣ ལ་སོན་པ་བུ་ཧམ་ཛ་གཞུང་དམག་གིས་མནར་གཅོད་སྡུག་རྩུབ་འོག་དམར་གསོད་བཏང་པ་ནས་གྱེན་ལངས་ངོ་རྒོལ་གྱི་ལས་འགུལ་རྒྱལ་ཡོངས་ལ་ཁྱབ་བཞིན་ཡོད་ཅིང་། ཕྱི་ཚེས་ ཉིན་ནས་སི་རེ་ཡའི་བྱང་ཕྱོགས་ཇི་སིར་(Jisr al-Shughour) ས་ཁུལ་གྱི་ཞི་རྒོལ་བ་ཚོར་གཞུང་དམག་གིས་དྲག་གནོན་ཚབ་ཆེན་བཏང་པའི་ཉིན་གཉིས་པར། གྲོང་ཁྱེར་ཕྱི་ནང་དུ་དྲག་སྤྱོད་པ་སྐོར་ཞིག་དང་གཞུང་བར་འཁྲུག་རྩོད་བྱུང་སྟེ། གཞུང་གི་ཁང་པ་ཁག་ལ་འབར་རྫས་གཏོར་པ་དང་མེ་རྒྱག་པ་སོགས་བྱས་ཏེ གཞུང་དམག་མང་པོ་དམར་གསོད་བཏང་ཡོད་འདུག དོན་རྐྱེན་དེའི་ཐད་སི་རི་ཡའི་གཞུང་འབྲེལ་བརྙན་འཕྲིན་ནས་བསྒྲགས་པ་ལྟར་ན། ཐེངས་འདིའི་ཇི་སིར་གྲོང་ཁྱེར་གྱི་དམར་གསོད་ཁྲོད་གཞུང་དམག་ ༡༢༠ རྐྱེན་ལམ་དུ་བཏང་ཡོད་ཚུལ་བརྗོད་འདུག དོན་རྐྱེན་དེ་ནི་ཟླ་གསུམ་རིང་གི་ཟིང་འཁྲུག་ཁྲོད་ཀྱི་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་རེད།

ཐེངས་འདིར་ཇེ་སིར་གྲོང་ཁྱེར་ཕྱི་ནང་དུ་གཞུང་དམག་ལ་དམར་གསོད་ཐེབས་པ་དེ་ནི། གཞུང་ཕྱོགས་ནས་དྲག་ཆས་ཐོགས་པའི་ངོ་ལོག་ཤོག་ཁག་ཡིན་ཚུལ་བརྗོད་ཀྱི་ཡོད་ཀྱང་། གྱེན་ལངས་ཤོག་ཁག་གིས་ཁོང་ཚོའི་ལས་འགུལ་ནི་ཞི་བའི་ངོ་རྒོལ་ཁོ་ན་ཡིན་ཞིང་། དོན་རྐྱེན་དེ་ནི་གཞུང་དམག་ནང་ཁུལ་ནས་བྱུང་པ་ཡིན་སྐོར་བརྗོད་འདུག གནད་དོན་འདིའི་ཐད་གཞུང་དམག་སྒེར་པ་ཁག་ཅིག་གིས་ཡོ་ཊུབ་(Youtube)བརྒྱུད། ང་ཚོས་སོ་སོའི་སྤུན་ཟླ་མི་སེར་ཚོར་མེ་མདའ་རྒྱག་མ་ཕོད་པར་ཕྱི་བཤོལ་བྱས་བའི་དབང་གིས་བསམ་ཚུལ་འགལ་ཟླར་གྱུར་པའི་གཞུང་དམག་ནང་ཁུལ་ལ་འཁྲུག་རྩོད་ཀྱིས་དམར་གསོད་ཐེབས་པ་ཞིག་ཡིན་ཚུལ་བརྗོད་ཡོད་འདུག གང་ལྟར་དོན་རྐྱེན་དེ་ཕྱི་ཚེས་ ཉིན་གྱི་ཐོ་རེངས་ཙམ་ལ་བྱུང་པ་ཞིག་ཡིན་པ་མ་ཟད། ཉིན་དེར་ས་ཁུལ་ལ་གློག་མེད་པ་བཟོས་ཡོད་སྟབས། དོན་དངོས་ཀྱི་གནས་ཚུལ་གང་ཡིན་ལྐོག་གྱུར་ཆགས་ཡོད།

ཇེ་སིར་གྲོང་ཁྱེར་ཕྱི་ནང་དུ་གཞུང་དམག་དམར་གསོད་བཏང་པའི་གནས་ཚུལ་ཐོན་འཕྲལ། སེ་རི་ཡ་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་ས་ཁུལ་དེ་གའི་གྱེན་ལངས་ཚར་གཅོད་བྱ་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་ཞིག་བཏང་ཡོད་སྟབས།  ས་གནས་མི་སེར་བརྒྱ་ཕྲག་མང་པོ་ས་མཚམས་བརྒལ་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཏུར་ཀི་(Turky) ནང་བྲོས་བྱོལ་དུ་འགྲོ་བཞིན་ཡོད་ཅིང་། ད་ལྟ་གཞུང་དམག་ ༣༠༠༠༠ ཡས་མས་ཤིག་ཇེ་སིར་གྲོང་ཁྱེར་ཕྱོགས་སུ་དཔུང་འཇུག་བྱེད་པར་སྐྱོད་བཞིན་ཡོད་འདུག འོན་ཀྱང་། ཕྱི་ཚེས་ ༦ ཉིན་གྱི་དོན་སྐྱེན་བྱུང་རྗེས་ནས་སི་རི་ཡའི་གཞུང་འབྲེལ་བརྙན་འཕྲིན་གཅིག་པུ་མ་གཏོགས་བརྒྱུད་ལམ་གཞན་ཚང་མ་བཀག་སྡོམ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པར་ཡང་དམ་དྲག་བྱས་ཏེ། ད་ལྟའི་སི་རི་ཡའི་ནང་གི་གནས་ཚུལ་སྤྱི་དང་ལྷག་པར་དུ་ཇེ་སིར་གྲོང་ཁྱེར་ཕྱི་ནང་གི་གནས་ཚུལ་ཤེས་རྟོགས་ཐུབ་དཀའ་བའི་གནས་སུ་གྱར་ཡོད་འདུག

སེ་རི་ཡའི་གནད་དོན་ཐད་དབྱིན་ཇི་དང་ཧྥ་རན་སི། ཇར་མན། པོར་ཇུ་གྷལ་སོགས་་མཉམ་འབྲེལ་ཐོག་རྒྱལ་ཚོགས་ལ་བསམ་འཆར་ཞུ་ཡིག་ཅིག་ཕུལ་ཏེ། རྒྱལ་ཚོགས་ཀྱིས་སེ་རི་ཡའི་གཞུང་གིས་ཞི་རྒོལ་ཤོག་ཁག་ལ་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འཕྲལ་དུ་མཚམས་འཇོག་བྱ་རྒྱུར་གནོན་ཤུགས་སྤྲོད་དགོས་བའི་འབོད་སྐུལ་ཞུས་ཡོད་འདུག་ཀྱང་། ར་ཤ་ཡ་གཙོ་བོར་གྱུར་པའི་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་རྒྱུན་ལས་ཁག་ཅིག་གིས་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་ཡོད་ཅིང་། དེ་ནི་སི་རེ་ཡའི་ཟིང་འཁྲུག་ལ་རྒྱལ་ཚོགས་ཀྱིས་ཐེ་ཇུས་བྱ་རྒྱུར་དམག་དོན་འགུལ་སྐྱོད་ཅིག་ཆགས་ཡོང་ངེས་ཡིན་པར་ཞེད་སྣང་བྱེད་ཀྱིན་ཡོད་འདུག  

སེ་རི་ཡའི་གཞུང་ནི་ཕ་ཤུལ་བུ་འཛིན་གྱི་དྲག་པོའི་སྲིད་གཞུང་ཞིག་ཆགས་ཡོད་ཀྱང་། ཨི་ཇིབ་དང་ཊོ་ནའེ་ཤི་ཡ་ལྟར་གྱེན་ལངས་པས་སྲིད་གཞུང་མགོ་རྟིང་སློག་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ད་ལྟའི་སི་རི་ཡའི་དམག་དོན་གཙོ་བོར་གྱུར་པའི་བདེ་འཇགས་དང་གཞུང་འཛིན་དཔོན་རིགས་མཐོ་ཤོས་ཕལ་ཆེ་བ་སྲིད་འཛིན་བྷ་ཤར་གྱི་སྤུན་མཆེད་དང་གཉེན་ཉེ་རྐྱང་ཆགས་ཡོད་པས་ཡིན་འདུག

ཁ་སང་ཕྱི་ཚེས་ ༩ ཉིན་ཏུར་ཀིའི་སྲིད་བློན་རེ་ཟེབ་(Recep Tayyip Erdogan) ལགས་ཀྱིས་གསར་ལམ་ཁག་ལ། སི་རི་ཡའི་གཞུང་གིས་གྱེན་ལངས་མང་ཚོགས་ཐོག་གཏུམ་དྲག་རང་བཞིན་གྱི་བྱ་སྤྱོད་དང་དྲག་གནོན་བྱེད་ཀྱིན་ཡོད་སྟབས། འདས་པའི་ཉིན་འགའི་ནང་ཇེ་སིར་ས་ཁུལ་ནས་མི་སེར་ ༢༠༠༠ ཙམ་བྲོས་བྱོལ་དུ་འབྱོར་སོང་། ཞེས་བརྗོད་འདུག དོན་རྐྱེན་བྱུང་ཡུལ་ཁག་གི་གནས་ཚུལ་ཕལ་ཆེ་བ་བྲོས་བྱོལ་དུ་ཡོང་མཁན་ཚོ་བརྒྱུད་དེ་ཤེས་རྟོགས་ཡོང་ཐབས་བྱེད་བཞིན་ཡོད་འདུག

༡༩༨༢ ལོར་སུན་ནེ་ཁ་ཆེ་བའི་ (Sunni Muslim) ཡར་ལངས་ངོ་རྒོལ་སྐབས། ད་ལྟའི་སྲིད་འཛིན་གྱི་ཕ་ཧ་ཧྥེ་ཛི་(Hafez al- Assad) ཡིས་དྲག་གནོན་བྱས་ཏེ། མི་མང་སྟོང་ཕྲག་འགའ་དམར་གསོད་བཏང་ཡོད་པ་དང་། ༢༠༠༠ ལོ་ནས་ཁོང་གི་བུ་བྷ་ཤར (Bashar al-Assad)སྲིད་སྟེགས་སུ་བསླེབས་ཡོད། ད་ལོའི་ཕྱི་ཟླ་གསུམ་པའི་ནང་། སི་རི་ཡའི་མི་མང་གིས་ཕ་ཤུལ་བུ་འཛིན་དང་དྲག་པོའི་སྲིད་གཞུང་ལ་དམངས་གཙོའི་བཅོས་བསྒྱུར་དགོས་པའི་ངོ་རྒོལ་བྱ་མགོ་ཚུགས་ཡོད་ཅིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་ལྟར་ན། འདས་པའི་ཟླ་ངོ་གསུམ་ལྷག་རིང་མི་སེར་ ༡༢༠༠ ཙམ་དམར་གསོད་བཏང་ཡོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དཔྱད་བརྗོད་པ་ཚོས། སི་རི་ཡའི་སྤྱི་ཡོངས་ཀྱི་ཆབ་སྲིད་གནས་བབ་ནི་དཀྱིལ་ཤར་ཡུལ་གྲུའི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་ཐུག་པའི་ལྡེ་མིག་ལྟ་བུ་ཞིག་ཆགས་བཞིན་ཡོད་པ་དང་། ཧམ་ཛ་ཞེས་པའི་བྱིས་པ་དེའི་ཤི་རྐྱེན་ནི་དེ་སྔོན་ཊོ་ནའེ་ཤེ་ཡའི་ཤིང་ཏོག་ཚོང་མཁན་མོ་ཧ་མེ་ཌི་(Mohamed Bouazizi) དང་ཨེ་རན་དམངས་གཙོ་དོན་གཉེར་པ་ནེ་ཌ་ (Neda Agha Soltan)སོགས་ལྟརམང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱ་རྒྱུར་སྟོབས་ཤུགསཀྱི་མེ་སྟག་སྒྲོན་མཁན་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཕྱི་ཚེས་ ༦ ཉིན་གྱི་ཇེ་སིར་གྲོང་ཁྱེར་གྱི་དམར་གསོད་ཆེན་མོ་དེ་གཞུང་དམངས་ཟིང་འཁྲུག་གི་འགལ་རྐྱེན་ཆེ་རུ་འགྲོ་བའི་དཀྱོག་མཚམས་ཤིག་ཏུ་འགྱུར་རྒྱུར་ཚོད་དཔག་བྱེད་བཞིན་ཡོད།

ཇེ་སིར་གྲོང་ཁྱེར་ནི་སི་རི་ཡའི་བྱང་ཕྱོགས་སུ་ཡོད་པའི་གྲོང་ཁྱེར་ཆེ་གྲས་ཤིག་དང་། མི་འབོར་ ༥༠༠༠༠ ཙམ་ཡོད་པའི་ཕལ་ཆེ་བ་སུན་ནེ་ཁ་ཆེ་མི་རིགས་ཡིན་ཞིང་། ཏུར་ཀིའི་རྒྱལ་མཚམས་ནས་སྤྱི་ལེ་ ༢༠ མཚམས་སུ་ཆགས་ཡོད།

 

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “སེ་རི་ཡའི་གནས་སྟངས།

  1. དུས་རབས་ཉེར་གཅིག་པའི་ནང་དུ་འང་མི་དམངས་ཀྱི་ཚེ་སྲོག་ལ་ལགས་རྩེད་རྩེ་མཁན་སེ་རི་ཡ་དང་རྒྱ་ནག་གི་དཔོན་ངན་འདི་དག་གི་གདུག་རྩུབ་ཆེ་བ་ལ་ཨང་།འདི་དག་གི་བཀའ་དང་ལེན་བྱེད་པའི་དམག་མི་འདི་དག་ནི་མི་མ་རེད། མི་ཡི་དྲི་མའང་མི་བྲོ། དེས་ན་རྔོན་པས་གསོ་ཉར་བྱས་པའི་ཤྭ་ཁྱི་ངོ་དེ་རེད།།