ཞུར་གྱིན་པའི་ཧི་མ་ལ་ཡ།

མ་འོངས་པར་འཁྱགས་རོམ་བཞུ་ཚད་མུ་མཐུད་འདི་ལྟར་ཕྱིན་ཚེ། ཕྱི་ལོ་ ༢༠༣༥ ལོར་ཧི་མ་ལ་ཡའི་འཁྱགས་རོམ་ཡོངས་སུ་ཞུར་ཚར་རྒྱུ་རེད།
ཕྱི་ཚེས་ ༩ ཉིན་ཨེ་ཤ་ཡའི་མཐུན་ཚོགས་ཞེས་པའི་ཨ་རིའི་དམངས་ཁྲོད་ཀྱི་རྩ་འཛུགས་ཤིག་གིས།  ༼ཞུར་གྱིན་པའི་ཧི་མ་ལ་ཡ༽ཞེས་པའི་དངོས་བྱུང་གློག་བརྙན་དེ་ཝ་ཤིན་ཊོན་ཌེ་སའེ་རུ་ཐོག་མར་གཟིགས་འབུལ་དང་།  ཕྱི་ཚེས་ ༡༤ ཉིན་ནེའུ་ཡོག་ཏུ་གཟིགས་འབུལ་གྱི་གོ་སྒྲིག་བྱས་ཏེ། དེང་སྐབས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་ཧི་མ་ལ་ཡའི་འཁྱགས་རོམ་བཞུ་ཚད་ཇེ་མགྱོགས་སུ་གྱུར་ཡོད་པ་དང་། ཨེ་ཤ་ཡའི་གཙང་པོ་ཆེན་པོ་བདུན་གྱི་འབབ་རྒྱུད་ས་ཁུལ་གྱི་མི་མང་གི་འཚོ་གནས་ལ་ཉེན་ཁ་འཕྲད་རྒྱུ་ཡིན་པ་གསལ་བསྟོན་བྱས་ཡོད་འདུག 
༼ཞུར་གྱིན་པའི་ཧི་མ་ལ་ཡ༽ཞེས་པའི་དངོས་བྱུང་གློག་བརྙན་དེ་ནི། མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་སྡེ་ཚན་དང་། ཨའེ་རོ་གློག་བརྙན་བཟོ་སྐྲུན་ཁང་དང་། ཨེ་ཤ་ཡའི་འཕྲིན་ལམ་བཅས་ཀྱིས་མཉམ་འབྲེལ་ཐོག་བཟོ་སྐྲུན་བྱས་པ་ཞིག་ཡིན་པ་དང་། གློག་བརྙན་གྱི་རིང་ཐུང་ལ་དུས་ཡུན་སྐར་མ་ ༤༥ ཡོད་འདུག དངོས་བྱུང་གློག་བརྙན་དེའི་བསྟན་བྱ་གཙོ་བོ་ནི།  གནམ་གཤིས་ཚ་དྲོད་ཀྱི་འགྱུར་ལྡོག་གིས་ཧི་མ་ལ་ཡའི་འཁྱགས་རོམ་ཞུར་ཏེ། ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་དང་ས་ཁུལ་སོ་སོའི་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། བལ་ཡུལ་དང་བོད། འབྲུག་ཡུལ། རྒྱ་གར། བྷང་ལ་རྡེ་ཞི་བཅས་སུ་མི་མང་གི་སྲོལ་རྒྱུན་འཚོ་གནས་ཀྱི་ཁྱབ་ཁོངས་དང་། འཚོ་བ་རོལ་སྟངས་སོགས་ལ་གནོད་སྐྱོན་ཆེན་པོ་འབྱུང་བཞིན་པར་མ་ཟད། ཨེ་ཤ་ཡ་ཁུལ་གྱི་མཐོ་བ་རི་ཁུལ་དང་དམའ་བ་རྒྱ་མཚོ་ཉེ་འགྲམ་བར་གྱི་མི་མང་གི་འཚོ་གནས་བརྟན་བརླིང་དོ་མཉམ་མེད་པའི་གནས་སྟངས་ཆགས་ཡོད་པའི་སྐོར་དང་། ལྷག་པར་དུ་ཧི་མ་ལ་ཡའི་འཁྱགས་རོམ་ཞུར་བ་ལ་བརྟེན་ནས་རྒྱ་མཚོ་ཆེན་པོ་ཡར་རྒྱས་ཏེ་སྐམ་ས་ཆེན་པོ་ནང་དུ་ནུབ་བཞིན་པར་བརྟེན། བོད་དང་བལ་ཡུལ། འབྲུག  རྒྱ་གར། རྒྱ་ནག་སོགས་ཨེ་ཤ་ཡའི་རྒྱལ་ཁབ་སྤྱིའི་མ་འོངས་པའི་འཚོ་གནས་ཀྱི་ཐད་ལ་ཉེན་ཚབས་རང་བཞིན་ཅན་གྱི་ཤུགས་རྐྱེན་ཐེབས་མགོ་བརྩམས་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།   
མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་སྡེ་ཚན་གྱི་ཝ་ཤིན་ཊོན་གཞུང་ལས་ཁང་གི་ཕྱི་ཕྱོགས་འབྲེལ་མཐུད་འགན་འཛིན་སཱ་ར་ཇེ་ཁི་སིན་(Sarah Jackson) གྱིས། ཨེ་ཤ་ཡའི་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་གློག་བརྙན་གཟིགས་སྟོན་མཛད་སྒོའི་གཏམ་བཤད་སྐབས་བརྗོད་དོན།  གནམ་གཤིས་འགྱུར་ལྡོག་གྱི་ཉེན་ཚབས་གནོད་སྐྱོན་ཐེབས་ཡུལ་གཙོ་བོ་ནི་འབྱོར་འབྲིང་རྒྱལ་དང་དབུལ་ཕོངས་མང་ཚོགས་ཡིན་པས། ས་ཁུལ་དེ་དག་གི་མི་དམངས་མང་ཚོགས་ཀྱིས་ད་ལྟ་ནས་བཟུང་སྟེ་རང་འགུལ་གྱིས་ཐབས་ཤེས་ཡོད་དགུ་བཏོན་ཏེ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང་། འབྱུང་འགྱུར་གྱི་རང་བྱུང་གོད་ཆག་ལ་གདོང་ལེན་བྱ་དགོས་པ་ལས། རྒྱལ་སྤྱི་རང་བཞིན་གྱི་ཆིངས་ཡིག་ལག་བསྟར་ཐུབ་མིན་ལ་རེ་སྒུག་བྱས་ཏེ་འདུག་མི་རུང་། མི་དམངས་མང་ཚོགས་ལ་མཚོན་ན་རང་ཉིད་ཀྱི་མ་འོངས་པ་དང་ད་ལྟ་གཉིས་གཅིག་མཚུངས་ཆགས་ཡོད། ཅེས་བརྗོད་འདུག 
རི་བོ་ཧི་མ་ལ་ཡར་ཨེ་ཤ་ཡའི་ཆུ་བོའི་མཆོད་རྟེན་ཞེས་འབོད་ཀྱིན་ཡོད་ལ། དེ་བཞིན་ཧི་མ་ཡ་ལའི་འཁྱགས་རོམ་ནི་ཨེ་ཤ་ཡའི་གཙང་པོ་ཆེན་པོ་བདུན་སྟེ། རྨ་ཆུ། འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ། ཆུ་བོ་གང་གཱ སེང་གེ་ཁ་འབབ་བཅས་ཀྱི་མགོ་ཁུངས་ཆགས་ཡོད་པས། གཙང་པོ་ཆེན་པོ་དེ་དག་གི་འབབ་རྒྱུད་ས་ཁུལ་གྱི་མི་མང་དུང་ཕྱིར་ ༡༣ ལྷག་གི་འཚོ་བའི་རྟེན་གཞིར་གྱུར་ཡོད། ཉེ་ལམ་ཆེད་མཁས་པའི་ཞིབ་འཇུག་བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་དོན་ལྟར་ན། ཧི་མ་ལ་ཡ་རི་རྒྱུད་ས་ཁུལ་གྱི་ཚ་དྲོད་ཇེ་མཐོར་འགྲོ་བཞིན་པའི་མྱུར་ཚད་ནི་ཨེ་ཤ་ཡ་ལྷོ་རྒྱུད་ས་ཁུལ་ལས་མགྱོགས་པར་མ་ཟད། ཧི་མ་ཡ་ལའི་འཁྱགས་རོམ་ཞུར་ཚད་ནི་ཆ་སྙོམས་ལོ་ ༡༠ རེའི་ནང་རིང་ཚད་རྨིད་ ༣༠ ནས་ ༦༠ ཞུར་བཞིན་ཡོད་པ་དང་། མ་འོངས་པར་འཁྱགས་རོམ་ཞུར་ཚད་མུ་མཐུད་འདི་ལྟར་ཕྱིན་ཚེ། ཕྱི་ལོ་ ༢༠༣༥ ལོར་ཧི་མ་ལ་ཡའི་འཁྱགས་རོམ་ཡོངས་སུ་ཞུར་ཚར་རྒྱུ་ཡིན་འདུག 
ཡིན་ནའང་། རྒྱ་གཞུང་གིས་རང་བྱུང་ཁོར་ཡུག་ཉམས་ཆག་ཏུ་འགྲོ་བཞིན་པའི་གནས་སྟངས་སྣང་མེད་དུ་བཞག་སྟེ།  རྒྱ་སྒོར་དུང་ཕྱིར་ ༧༩ འགྲོ་གྲོན་བཏང་སྟེ། ལོ་སྔོན་མའི་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ཡར་ཀླུང་གཙང་པོའི་སྟེང་དུ། གློག་ཤུགས་སྟོང་ཝ་ཁྲི་ ༥༡ ཅན་གྱི་ཆུ་ཤུགས་གློག་འདོན་བཟོ་སྐྲུན་གཞི་རྒྱ་ཆེན་པོ་ཞིག་རྒྱག་མགོ་བརྩམས་ཡོད་པར་མ་ཟད། བོད་ཁུལ་གྱི་གཙང་བོ་གཞན་པའི་སྟེང་དུའང་རིམ་པར་ཆུ་གློག་འཛུགས་སྐྲུན་གྱི་ལས་འཆར་གཞི་རྒྱ་ཆེན་པོ་སྒྲིག་བཞིན་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply