ལེ་བྷེ་ཡའི་མི་མང་གྱེན་ལངས་ལ་རྒྱང་ལྟ་བྱས་པ།


་ལྟའི་ལེ་བྷེ་ཡའི་སྲིད་གཞུང་གི་ངོ་བོ་ཅི་འདྲ་ཡིན་མིན། ཞི་རྒོལ་གྱི་ཐོག་མའི་རྒྱུ་རྐྱེན་དང་ད་ལྟའི་གནས་བབ། དེ་ལ་རྒྱལ་སྤྱིས་ཐེས་ཇུས་
ཀྱི་སྟོབས་ཤུགས་གང་འདྲ་ཡོད་མེད། འབྱུར་འགྱུར་གྱི་གནས་བབ་གང་འདྲ་ཆགས་མིན་བཅས་ལ་དབྱེ་ཞིབ་ཅིག་བྱས་ན་ད་གཟོད་ལེ་བྷེ་ཡའི་ཟིང་འཁྲུག་གི་རྒྱབ་མདུན་མཐོང་ཐུབ་ཅིང་། སྲིད་དབང་སྒེར་སྤྱོད་པ་གྷ་ཌཱ་ཧྥེ་ཡི་གདུལ་བྱ་རྫོགས་ཡོད་པའང་རྟོགས་ནུས།

 

ད་ལྟའི་ལེ་བྷེ་ཡའི་གཞུང་གི་ངོ་བོ།

མི་འབོར་བརྒྱ་ཆ་ ༩༧ སུན་ནེ་ཁ་ཆེ་ཡིན་པའི་ལེ་བྷེ་ཡ་ ༡༩༥༡ ལོར་རང་བཙན་ཐོབ་ཅིང་། ༡༩༦༩ ཕྱི་ཟླ་ ༩་ཚེས་ ༡ ཉིན་རང་ལོ་ ༢༨ ལ་སོན་པ་དམག་དཔོན་གྷ་ཌཱ་ཧྥེའི་ (Muammar Gaddafi) སྣེ་ཁྲིད་འོག་དམག་དཔོན་གཞན་ཁག་ཅིག་དང་མཉམ་དུ་སྐབས་དེའི་རྒྱལ་བོ་ཨའེ་ཌིརེ་སི་(King Idris) ལ་གྱེན་ལོག་བྱས་མཐར། རྒྱལ་པོ་ཁོང་ཨི་ཇིབ་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་རྗེས།  རྒྱལ་བའི་ལམ་ལུགས་ལ་བཅོས་བསྒྱུར་གྱིས་ལེ་བྷེ་ཡ་མི་མང་སྤྱི་ཚོགས་རིང་ལུགས་སྲིད་གཞུང་གསར་འཛུགས་བྱས་ཏེ། གྷ་ཌཱ་ཧྥེ་ཁོང་ལེ་བྷེ་ཡ་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་བསྡད། སྐབས་དེའི་སྲིད་གཞུང་གི་རྩ་བའི་ལངས་ཕྱོགས་ནི་རང་དབང་དང་། སྤྱི་ཚོགས་རིང་ལུགས། ཆིག་སྒྲིལ་བཅས་ཡིན་པ་མ་ཟད། གཞུང་གི་རྩ་ཁྲིམས་ནང་མི་མང་སྲིད་གཞུང་ཞེས་བཀོད་ཡོད།

གྷ་ཌཱ་ཧྥེ་སྲིད་སྟེགས་སུ་བསླེབས་རྗེས་རིམ་བཞིན་ ༡༩༥༢ ལོར་གཏན་འབེབས་བྱས་པའི་དམངས་གཙོ་རང་བཞིན་གྱི་རྩ་ཁྲིམས་རྩིས་མེད་བཏང་པ་དང་། ཆབ་སྲིད་ཚོགས་པ་འདྲ་མིན་དང་། གསར་འགྱུར་བརྒྱུད་ལམ་ཐོག་དམ་དྲག་བྱས་ཤིང་། དམག་དོན་དང་དཔལ་འབྱོར། སྲིད་དབང་བཅས་མི་གཅིག་དབང་འཛིན་ལམ་ལུགས་སུ་བསྒྱུར་ཏེ། རང་གི་སྲིད་དབང་སྲ་བརྟན་བཟོ་ཕྱིར་དམག་དོན་དང་ཆབ་སྲིད་འཛིན་སྐྱོང་ནང་རང་ཉིད་ལ་བློ་དཀར་པ་དང་། གཉེན་ཉེ། རང་ཉིད་ཀྱི་ཆབ་སྲིད་ཤོག་གཏོགས་དང་ཚོ་ཁག་གཅིག་པའི་མི་སྣ་ཡར་འཐེན་གྱིས་དཔུང་སྡེ་ཞིག་བསྐྲུན་ཡོད་སྟབས། གྷ་ཌཱ་ཧྥེ་ཡིས་ལོ་ ༤༡ རིང་སྲིད་དབང་སྒེར་འཛིན་བྱས་ཐུབ་ཡོད་པ་མ་ཟད། ད་སྔ་མང་ཚོགས་ཡར་ལངས་ཞི་རྒོལ་ལ་སྟོབས་ཤུགས་ཅི་ཙམ་ཆེ་རུང་ཁོས་དེ་ལྟར་དྲག་གནོན་གྱིས་ད་དུང་ཁོང་གི་སྲིད་གཞུང་མགོ་རྟིང་སློག་མ་ཐུབ་པར་གནས་ཡོད་པ་རེད།

 

ཞི་རྒོལ་གྱི་ཐོག་མའི་རྒྱུ་རྐྱེན།

གྷ་ཌཱ་ཧྥེ་ཡིས་སྲིད་དབང་བཟུང་བ་ནས་ཨ་རབ་ཁ་ཆེ་ལུང་པ་གཅིག་གྱུར་ཡོང་རྒྱུར་ནུས་པ་གང་འཚམ་ཐོན་ཡོད་ལ། ད་ལྟའི་ཨ་ཧྥི་རི་ཀ་མཉམ་འབྲེལ་རྒྱལ་ཁབ་ (African Union )དེ་ཡང་ཁོང་གིས་ཨ་ཧྥི་རི་ཀའི་རྒྱལ་ཕྲན་མཉམ་གནས་(United States of Africa). ཡོང་རྒྱུར་དགོངས་ཚུལ་བཏོན་པ་ལས་བྱུང་པ་སོགས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་། ལྷག་པར་དུ་དཀྱིལ་ཤར་ཁ་ཆེ་ལུང་པ་དང་ཨ་ཧྥི་རི་ཀ་གླིང་གི་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་གང་འཚམ་ཐེབས་ཡོད།  འོན་ཀྱང་། ལེ་བྷེའི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་ས་སྣུམ་དང་རྡོ་སྣུམ། རླངས་རྫས་སོགས་ཡིན་ཞིང་། དེ་དག་གྷ་ཌཱ་ཧྥེའི་སྟངས་འཛིན་འོག་ཤོར་ཏེ། ལེ་བྷེ་ཡའི་མང་ཚོགས་ཁྲོད་དབུལ་ཕྱུག་གི་ཧེ་བག་ཆེན་པོ་ཤོར་པ་དང་། གཞུང་གི་དཔོན་རིགས་ནང་གྷ་ཌཱ་ཧྥེའི་ཉེ་འབྲེལ་ཤོག་ཁག་གི་དཔུང་བསྒྲིགས་པ་བཅས་ལ་བརྟེན། མང་ཚོགས་དང་གཞུང་གི་དཔོན་རིགས་ཁྲོད་གྷ་ཌཱ་ཧྥེ་ལ་མི་དགའ་པའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་མགོ་ཚུགས།

    ལེ་བྷེ་ཡའི་གཞུང་དང་མི་དམངས་བར་ཟིང་འཁྲུག་གི་མགོ་བརྩམས་ས་ནི། རྒྱལ་སྤྱིའི་རོགས་དངུལ་འོག་ལེ་བྷེ་ཡའི་གཞུང་གིས་མི་མང་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུའི་གྲོས་དོན་་འགོར་འགྱངས་བྱུང་པར། ད་ལོའི་ལོ་མགོར་ས་ཁུལ་མང་པོའི་ནང་མི་མང་གིས་ངོ་རྒོལ་བྱས་པར་གཞུང་གིས་དྲག་གནོན་བྱས་ཡོད། སྐབས་དེར་ཇཱ་མལ་(Jamal al-Hajji) ཟེར་པའི་རྩོམ་པ་བོ་ཞིག་གིས་དྲ་ཐོག་བརྒྱུད་མང་ཚོགས་ལ་ལེ་བྷེ་ཡའི་རང་དབང་ཆེད་གྱེན་ལངས་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ་ཞུས་རྐྱེན། ཁོང་འཛིན་བཟུང་བྱས་པ་དང་། དེའི་རྗེས་ཕྱི་ཚེས་ ༡༥ ཉིན་ལེ་བྷེ་ཡའི་གྲོང་ཁྱེར་བྷན་གྷ་ཛེ་ Benghazi རུ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཧྥ་ཐེ་(Fathi Terbil) འཛིན་བཟུང་བྱས་པ་བཅས་ཀྱི་ཐད་མང་ཚོགས་ཚོས་ངོ་རྒོལ་བྱས་པ་ནས་དངོས་སུ་འདི་ལོའི་ལེ་བྷེ་ཡའི་གྱེན་ལངས་མགོ་ཚུགས་པ་ཞིག་ཡིན་ལ།  ལྷག་པར་དུ་ཆུ་སྣ་རྡོལ་ཕྱོགས་དང་རླུང་གི་གཡུག་ཕྱོགས་ཟེར་པ་ལྟར། ཏོའུ་ནི་ཤི་ཡ་དང་ཨི་ཇེབ་གྱེན་ལངས་ལ་རྒྱལ་ཁ་ཐོབ་པ་དེས་ལེ་བྷེ་ཡའི་མི་མང་ལ་རེ་བའི་མེ་སྟག་བསྒྲོན་ཡོད་པ་རེད།

 

གཞུང་དམངས་བར་གྱི་ད་ལྟའི་གནས་བབ།

ཕྱི་ཟླ་ ༢ ཚེས་ ༡༥ དོན་རྐྱེན་བྱུང་རྗེས་ཀྱི་ཚེས་ ༢༧ ཉིན་ཞི་རྒོལ་བས་ས་གནས་སྲིད་གཞུང་དངོས་སུ་བཙུགས་ཤིང་། གྷ་ཌཱ་ཧྥེ་ལ་ཁ་གཏད་གཅོད་མཁན་མི་མང་དང་མཉམ་འབྲེལ་ཐོག་སྲིད་དབང་སྒེར་སྤྱོད་པ་མགོ་རྟིང་སློག་རྒྱུར་སྣེ་ཁྲིད་བྱས། རིམ་བཞིན་ཞི་རྒོལ་ལས་འགུལ་གྱི་སྟོབས་ཤུགས་ལེ་བྷེ་ཡའི་རྒྱལ་ཡོངས་ལ་ཁྱབ་པ་མ་ཟད། གྷ་ཌཱ་ཧྥེ་གཞུང་གི་དམག་མི་དང་དཔོན་རིགས་མང་པོ་ཞིག་ཀྱང་ཞི་རྒོལ་པའི་ཕྱོགས་སུ་ལངས་ཏེ། ལེ་བྷེ་ཡའི་གྲོང་ཁྱེར་བྷན་ངྒ་ཛེ་གཙོ་བོར་གྱུར་པའི་ས་ཁུལ་མང་པོ་ཞིག་གྱེན་ལངས་པས་བཙན་བཟུང་བྱས་ཡོད་ལ། བྷན་གྷ་ཛེ་ནི་ཁོང་ཚོའི་སྲིད་གཞུང་གསར་པའི་རྒྱལ་སར་ཁྱབ་བསྒྲགས་བྱས།  ཞི་རྒོལ་པ་ནི་དགེ་རྒན་དང་སློབ་མ། བཟོ་ལས་པ། གཞུང་དམག་དང་ཁ་བྲལ་པའི་དམག་མི་སོགས་ཀྱིས་གྲུབ་ཡོད། རིམ་བཞིན་ལེ་བྷེ་ཡའི་ཁྲིམས་འཛིན་བློན་ཆེན་མཱུ་སི་ཊ་ཧྥ་(Mustafa Al Jeleil) དང་ནང་སྤྱི་བློན་ཆེན་ཨབ་ཌུལ་(Abdul Fatal) སོགས་ལས་གནས་ནས་བུད་དེ་ཞི་རྒོལ་ནང་ཞུགས་པ་དང་། དེ་བཞིན་ལེ་བྷེ་ཡའི་གཞུང་ཚབ་པ་མང་པོ་ཞིག་གིས་དགོངས་ཞུ་དང་ཡང་ན་ད་ལྟའི་གཞུང་ལ་རྒྱབ་སྐྱོར་མེད་པ་ཁྱབ་བསྒྲགས་བྱས་ཡོད། འདས་པའི་ཟླ་བཞི་ལྷག་གི་རིང་གཞུང་དམངས་བར་དྲག་འཛིང་ཡང་ཡང་བྱས་ཏེ། ད་ཆར་གྷ་ཌཱ་ཧྥེ་དྲག་པོའི་དམག་དཔུང་གི་རྟེན་གཞི་ཊི་རེ་པོ་ལེ་ (Tripoli) བར་ཤོག་ཁག་གཉིས་སུ་གྱེས་ཡོད།

 

རྒྱལ་སྤྱིའི་ཐེ་ཇུས་དང་ཤུགས་རྐྱེན།

ལེ་བྷེ་ཡ་དྲག་པོའི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཀྱི་རྩ་དོན་དང་འགྲོ་བ་མིའི་རང་དབང་ལ་རྩིས་མེད་ཐོག་ཞི་རྒོལ་མང་ཚོགས་ལ་དྲག་གནོན་དང་དམར་གསོད་བྱས་པར། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་གིས་སྐྱོན་བརྗོད་དང་དམག་མཚམས་འཇོག་དགོས་པའི་འབོད་སྐུལ་དང་གནོན་ཤུགས་རིམ་པར་སྤྲད་ཅིང་། མཐར་ཕྱི་ཟླ་ ༣ པའི་ཚེས་ ༡༧ ཉིན་ཐོག་མར་རྒྱལ་ཚོགས་ཀྱི་ཆོད་དོན་ལྟར་ལེ་བྷེ་ཡར་རྒྱལ་སྤྱིའི་གནམ་ཐང་གི་འབྲེལ་ཐག་གཅོད་རྒྱུ་དང་། དེ་ནས་རྒྱལ་ཚོགས་བདེ་འཇགས་དམག་དང་། རྒྱལ་ཁབ་ ༢༨ ལས་གྲུབ་པའི་ཎ་ཊོ་(Nato)མཉམ་འབྲེལ་དྲག་ཆས་དམག་དཔུང་བཏང་སྟེ། ལེ་བྷེ་ཡའི་མི་སེར་ལ་སྲུང་སྐྱོབ་དང་གྷ་ཌཱ་ཧྥེའི་དམག་དཔུང་ལ་ངོ་རྒོལ་བྱེད་མགོ་བརྩམས། སྐབས་དེར་རྒྱ་ནག་དང་ར་ཤི་ཡ་སོགས་ཀྱིས་གོང་གི་ཐག་གཅོད་ལ་ངོ་རྒོལ་བྱས་ཏེ། མེ་ཏོག་བ་སྤྲུའི་ལས་འགུལ་(Jamsmine revolution) གྱི་ཤུགས་རྐྱེན་དར་སྤེལ་གཏོང་རྒྱུར་དམིགས་ཡོད་པ་རེད། ཅེས་སྐྱོན་བརྗོད་བྱས་ཡོད།

གང་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐེས་ཇུས་དང་གནོན་ཤུགས་ཆེ་རུ་ཕྱིན་ཏེ། ཧྥ་རན་སི་དང་ཨི་ཊ་ལེ་སོགས་རྒྱལ་ཁབ་མང་པོས་དེ་སྔའི་ལེ་བྷེ་ཡའི་རྒྱལ་དོན་འབྲེལ་ལམ་མཚམས་འཇོག་གིས་གྲོས་དོན་ཁག་རྩིས་མེད་བཏང་ཡོད། ཐེངས་འདིར་རྒྱལ་ཚོགས་བདེ་འཇགས་དམག་དཔུང་དང་ཎ་ཊོ་དམག་དཔུང་གི་དམག་མི་དང་མཚོན་ཆའི་བརྒྱ་ཆ་ ༤༠ ལྷག་ཨ་རིའི་ཡིན་ཞིང་། ཁྱོན་སྡོམ་ཨ་སྒོར་ས་ཡ་བརྒྱ་ལྷག་གི་འགྲོ་གྲོན་བཏང་ཡོད་སྟབས། ཨ་རིའི་མང་ཚོགས་ཁྲོད་དེ་ལ་ངོ་རྒོལ་བྱེད་མཁན་ཡང་བྱུང་ཡོད་ལ། ཉེ་བའི་ཆར་ཨ་རིའི་གྲོས་ཚོགས་ནང་ཨ་རིའི་དམག་དཔུང་ལེ་བྷེ་ཡར་བཏང་པ་དེ་ཨ་རིའི་ཕྱི་འབྲེལ་དམག་དོན་སྲིད་ཇུས་ཀྱི་རྩ་ཁྲིམས་དང་འགལ་བཞིན་ཡོད་ཅེས་ཨོ་བྷ་མར་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད། ད་ཆར་ཎ་ཊོ་མཉམ་འབྲེལ་དམག་དཔུང་ལེ་བྷེ་ཡར་ཡོང་པའི་གྲོས་ཆོད་དུས་ཡུན་ཟླ་གསུམ་རྫོགས་ཡོང་གི་ཡོད་སྟབས། ཟླ་འདིའི་ཚེས་ ༢༧ ཉིན་ནས་བསྐྱར་དུ་དུས་འགྱངས་ཟླ་གསུམ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད།

 

མ་འོངས་པའི་ཁ་ཕྱོགས།

ཟླ་བཞི་ལྷག་རིང་བྱུང་པའི་གཞུང་དམངས་བར་གྱི་ཟིང་འཁྲུག་གི་གནས་བབ་དེ་ཉིན་རེ་བཞིན་ངོ་བོར་འཕེལ་བཞིན་ཡོད་པ་དང་། ད་ལྟ་རྒྱལ་ཚོགས་བདེ་འཇགས་དམག་དང་ཎ་ཌོ་དམག་གི་རྒྱབ་རོགས་འོག་ཞི་རྒོལ་མང་ཚོགས་ཀྱིས་ལེ་བྷེ་ཡའི་ས་ཁུལ་དང་གྲོང་ཁྱེར་ཕལ་ཆེ་བར་དབང་སྒྱུར་བྱས་ཡོད་པ་མ་ཟད། གྷ་ཌཱ་ཧྥེ་དྲག་པའི་དམག་དཔུང་གི་རྟེན་གཞི་དང་ལེ་བྷེ་ཡའི་རྒྱལ་ས་ཊི་རེ་པོ་ལེ་ (Tripoli) ལ་དཔུང་འཇུག་བྱེད་བཞིན་ཡོད། དེ་བཞིན་རྒྱལ་སྤྱིའི་དམག་དོན་དང་འབྲེལ་པའི་གནོན་ཤུགས་ཕྱོགས་ཡོངས་ནས་གཞི་རྒྱ་ཆེ་རུ་ཕྱིན་ཡོད། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དངོས་སུ་གྷ་ཌཱ་ཧྥེ་དང་གྱེན་ལངས་ཤོག་ཁག་བར་ཞི་འགྲིག་གྲོས་མོལ་ཞིག་བྱུང་ཡོད་ཅིང་། སྐབས་དེར་གྷ་དཱ་ཧྥེའི་ཕྱོགས་ནས་ལེ་བྷེ་ཡའི་ནང་དམངས་གཙོ་བཅོས་སྒྱུར་དང་། འབྱུང་འགྱུར་ཟླ་འགའི་ནང་འོས་བསྡུའི་ལམ་ལུགས་ཐོག་སྲིད་གཞུང་གི་དབུ་ཁྲིད་གསར་པ་འོས་འདེམས་བྱ་རྒྱུ་ཁས་ལེན་བྱས་འདུག འོན་ཀྱང་གྱེན་ལངས་ཤོག་ཁག་གིས་སྔོན་ལ་གྷ་ཌཱ་ཧྥེ་སྲིད་སྟེགས་ལས་འབབ་དགོས་ཚུལ་བརྗོད་ཡོད་པ་མ་ཟད། ཨ་རི་དང་ཧྥ་རན་སི་སོགས་ཀྱིས། ད་ལྟའི་ཆར་རྒྱལ་སྤྱིའི་མི་མང་ཕལ་ཆེ་པའི་མངོན་འདོད་དེ་གྷ་ཌཱ་ཧྥེ་སྲིད་སྟེགས་ལས་འབབ་དགོས་པ་མ་ཟད། ལེ་བྷེ་ཡའི་ནང་དམངས་གཙོའི་བཅོས་སྒྱུར་ཕྱིས་དྲགས་པ་རེད། ཅེས་བརྗོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ལེ་བྷེ་ཡའི་མི་མང་གྱེན་ལངས་ལ་རྒྱང་ལྟ་བྱས་པ།

  1. གྷ་དཱ་ཧྥེའི་ཕྱོགས་ཁག་དྲག་དམག་ངེས་པར་ཕམ་དགོས་པ་རེད་དེ་ནི་རྒྱ་ནག་དམར་གཞུང་དང་གཅིག་མཚུངས་ཡིན་པར་མ་ཟད་ལེ་བྷེ་ཡ་དྲག་དམག་གིས་མི་དམངས་ལ་དྲག་གནོད་དང་དམར་གསོད་བྱས་པ་འདི་རྒྱལ་སྤྱིའི་ཐོག་ནས་བསམ་ཞིག་ཤེས་སུ་འཇུག་རྒྱུ་གལ་ཆེན་རེད་ཡིན་ཡང་རྒྱལ་ཚོགས་ལ་ནུས་པ་ཡོད་པ་མ་རེད།   ལེ་བྷེ་ཡི་མི་དམངས་སྐྱོབ་ཐུབ་རྒྱུ་ཁག་པོ་རེད་དྲན་སོང་གང་ཡིན་ཞེ་ན་རྒྱལ་ཚོགས་ཀྱི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དངོས་ཡོད་རེད།    ཁོང་ཚོས་ནང་ནས་རྒྱ་ནག་དམར་ཕྱོགས་ཡང་ཤུགས་ཆེན་པོ་རེད་ད་མགོན་སྐྱབས་ཐུབ་རྒྱུ་ཁག་གི་ལེ་བྷེ་ཡ་མི་དམངས་ཚོ་བཟོད་སྲན་ངང་རང་ཐག་རང་གཅོད་བྱེད་དགོས་ལེ་བྷེ་ཡ་མི་དམངས་རྒྱལ་གྱུར་ཅིག་གྷ་དཱ་ཧྥེའི་ཕམ་པར་ཤོག་དེ་འདྲ་ཞིག་ཡིན་ངོ་སུན་སོང་ཞིག་དམར་ཕྱོགས་མགོ་འཕངས་མཐོང་གི་འདུག་དེ་བཟོད་ཐུབ་མེད་པ་ཞིག་རེད།