ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནམ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་མོར། ༧གོང་ས་མཆོག་གིས་རྒྱལ་ས་ཝ་ཤིན་ཊོན་དུ་འཛམ་གླིང་ཕྱོགས་མཐའ་ནས་ཕེབས་པའི་ཕྱི་ནང་དད་ལྡན་ཆོས་ཞུ་པ་ཁྲི་ཚོ་མང་པོར། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་༣༡ པ་དེ་སྩོལ་རྒྱུ་ཡིན་པ་དང་། ཉིན་དེར་ཨ་རིར་གནས་སྡོད་བོད་རིགས་སེར་སྐྱ་མང་ཚོགས་ཀྱིས། ༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༧༦ལ་ཕེབས་པའི་འཁྲུངས་སྐར་གཟབ་རྒྱས་ཤིག་སྲུང་གཙི་བྱ་རྒྱུ་ཡིན་ཞིང་། མཛད་སྒོའི་ལས་རིམ་དེ་ཨ་རིའི་བརྙན་འཕྲིན་ཁང་དང་དྲ་བརྙན་ཁག་ཅིག་ཐོག་མང་ཚོགས་ལ་ཐད་གཏོང་བྱ་འཆར་ཡོད་འདུག
ཕྱི་ཚེས་༦ ནས་ ༨ཉིན་བར་༧གོང་ས་མཆོག་དབུས་པའི་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པས་སྔོན་འགྲོའི་ཆོ་ག་དང་རྡུལ་མཚོན་དཀྱིལ་འཁོར་བཞེངས་རྒྱུ་དང་། ཕྱི་ཚེས་ ༩ ནས་ ༡༡བར་༧གོང་ས་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་༼ལག་ལེན་སོ་བདུན་མ༽དང་། སློབ་དཔོན་ཀ་མ་ལ་ཤིའི༼སྒོམ་རིམ་བར་མ་༽གཉིས་བཀའ་ཁྲིད་གནང་རྒྱུ། ཕྱི་ཚེས་༩ ཉིན་གྱི་ཞོགས་པར་མང་ཚོགས་ལ་༼འཛམ་གླིང་ཞི་བདེ༽ཞེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་དང་། ཕྱི་ཚེས་ ༡༢ཉིན་དགེ་འདུན་པ་ཚོས་དུས་འཁོར་གྱི་གར་འཆམ་ཆོ་ག་གནང་རྒྱུ་དང་།ཕྱི་ཚེས་ ༡༣ ནས་ ༡༥བར་དངོས་གཞིའི་དུས་འཁོར་བཀའ་དབང་བཅས་སྩོལ་རྒྱུ། ཕྱི་ཚེས་ ༡༦ཉིན་མང་ཚོགས་ལ་ཚེ་དབང་གནང་རྗེས་བརྟན་བཞུགས་རྒྱས་པ་ཞིག་འབུལ་འཆར་ཡོད་འདུག
དུས་འཁོར་ཀྱི་བཀའ་དབང་དང་སྟབས་བསྟུན་ཏེ། པི་རིན་སི་ཊོན་དུ་(Princeton)རྟེན་གཞི་བྱས་ཡོད་པའི་རྒྱ་ནག་སློབ་ཕྲུག་ཚོགས་པའི་གདན་ཞུས་ལྟར། ཕྱི་ཚེས་ ༧ ཉིན་༧གོང་ས་མཆོག་༼རྒྱ་ནག་གི་མང་གཙོ་དང་བོད་ཀྱི་མ་འོངས་པ་༽ཞེས་པའི་ཚོགས་འདུའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་མ་ཟད། སྐབས་དེར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་བཀའ་ཁྲི་སྐུ་ཞབས་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། སྐུ་འབུམ་དགོན་པའི་དགོན་བདག་ཨཱཀྱ་རིན་པོ་ཆེ། དེ་བཞིན། ཨ་རིའི་མང་གཙོ་ཐེབས་རྩ་ཚོགས་པའི་ཚོགས་གཞོན་རྣམས་ཀྱིས་བོད་དོན་ཐོག་གཏམ་བཤད་བཅས་སྤེལ་རྒྱུ་ཡིན་འདུག
ཚོགས་ཆེན་འདི་ནི་བོད་དོན་ཐོག་གཞི་རྒྱ་ཆེ་ཤོས་ཀྱི་བོད་རྒྱ་མཁས་པའི་བགྲོ་གླེང་ཞིག་ཆགས་རྒྱུ་ཡིན་པ་དང་། ཚོགས་ཆེན་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ་ཁྱོན་ ༡༠༠ ལྷག་མཉམ་ཞུགས་བྱ་འཆར་ཡོད་འདུག
གསར་འགོད་པ། དཔལ་ལྡན།