ནོར་ཝེ་ནང་དྲག་སྤྱོད།

གཟའ་པ་སངས་དགོང་དྲོ་ནོར་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་སི་ལོ་ནང་འགད་རྫས་གཏོར་པ་དང་ཡུ་ཊོ་ཡཱ་མཚོ་གླིང་དུ་དྲག་སྤྱོད་པ་ཞིག་གིས་མེ་མདའ་བརྒྱབ་པ་བཅས་ཀྱི་ཁྲོད་མི་ ༩༡  དམར་གསོད་བཏང་འདུག

ཁ་སང་དགོང་དྲོ་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་(Oslo) ནང་འགད་རྫས་འཐོར་ཏེ་ཆུ་ཚོད་འགའི་རྗེས་སུ་ཡུ་ཊོ་མཚོ་གླིང་(Utoya Island) དུ་དམར་གསོད་ཆེན་མོ་ཞིག་བྱུང་ཡོད་ཅིང་། འགད་རྫས་དོན་རྐྱེན་ཁྲོད་མི་ རྐྱེན་ལམ་དུ་ཕྱིན་འདུག་ལ། འགད་རྫས་ཁྲོད་ནོར་ཝེའི་སྲིད་བློན་གྱི་བཞུགས་གནས་ཁང་རྩེག་ལའང་གཏོར་སྐྱོན་ཚབ་ཆེན་ཕོག་འདུག་ལ། ཉིན་འདི་འགར་ཡུ་ཊོ་མཚོ་གླིང་དུ་གཞུང་འཛིན་ཚོགས་པའི་(Labour Party) གོ་སྒྲིག་འོག་གཞོན་སྐྱེས་ཚོར་དབྱར་ནང་ལས་རིམ་ཞིག་འཚོགས་བཞིན་པ་དེར། དྲག་སྤྱོད་པ་ཞིག་གིས་གང་བྱུང་མེ་མདའ་བརྒྱབ་ཏེ་མི་ ༨༤ བསད་འདུག

མེ་མདའ་ཐོགས་མཁན་དེ་གློ་བུར་དུ་ཡུ་ཊོ་མཚོ་གླིང་ལ་འབྱོར་ཡོད་ཅིང་། ཁོས་ཉེན་རྟོག་པའི་དམག་ཆས་གྱོན་ཏེ་ལག་ཏུ་མེ་མདའ་བཟུང་ཡོད་པ་དང་། ཐོག་མར་དེར་ཡོད་ཚང་མ་ཕྱོགས་གཅིག་ཏུ་འདུ་འཛོམས་བྱ་དགོས་ཚུལ་བརྗོད་རྗེས་མང་ཚོགས་སྟེང་མེ་མདའ་རྒྱག་མགོ་བརྩམས་ཡོད་འདུག སྐབས་དེར་མི་ཚང་མས་སྲོག་མགོ་གང་ཐོན་གྱིས་འགའ་རེ་ཆུ་ལ་མཆོང་པ་དང་། འགའ་རེ་རྡོ་དང་ཤིང་སྡོང་རྒྱབ་ཏུ་ཡིབ་པ། འགའ་རེ་ཤིང་ནགས་གསེང་བྲོས་བ་སོགས་བྱས་ཡོད་འདུག

 

དྲག་སྤྱོད་པའི་དོན་རྐྱེན་བྱུང་སྟེ་ཆུ་ཚོད་གཅིག་གི་རྗེས་སུ། དྲག་ཆས་ཉེན་རྟོག་དམག་མི་མཚོ་གླིང་དེར་འབྱོར་ཡོད་འདུག་ལ། གླིང་ཕྲན་ཆུང་ཆུང་དེར་དུས་རྒྱུན་དམིགས་བསལ་ཉེན་རྟོག་དམག་མི་མེད་སྟབས། ཐེངས་འདིའི་དོན་རྐྱེན་བྱུང་སྐབས་དམག་མི་རྣམས་རྒྱལ་ས་ཨོ་སི་ལོ་ནས་ཡོང་དགོས་པས་དུས་ཡུན་ཆུ་ཚོད་གཅིག་ཙམ་འགོར་ཡོད་ཅིང་། དུས་ཡུན་དེའི་རིང་དྲག་སྤྱོད་པས་སྔར་བྱུང་མྱོང་མེད་པའི་དམར་གསོད་ཆེན་མོ་ཞིག་བཟོས་ཡོད་འདུག ད་ལྟ་ཉེན་རྟོག་པ་དང་མྱུར་སྐྱོབ་རུ་ཁག་གིས་ཆུ་འགྲམ་གཡས་གཡོན་གང་སར་ཤི་རྨས་ཐེབས་པའི་མི་འཚོལ་བཤེར་བྱེད་བཞིན་ཡོད་ཅིང་། ཤི་རྨས་ཐེབས་པའི་གྲངས་ཚད་ཀྱང་འཕར་བཞིན་ཡོད་འདུག

དོན་རྐྱེན་དེའི་ཐད་ནོར་སྦེ་ཞི་བདེ་གཟིངས་རྟགས་ཚོགས་ཆུང་གི་འགན་འཛིན་དང་། དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་ནོར་ཝེ་གཞུང་དང་། ཤི་རྨས་ཐེབས་མཁན་ཚོའི་ནང་མི་བཅས་ལ་སེམས་གསོ་དང་དྲག་སྤྱོད་པའི་བྱ་འགུལ་ཐད་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག་ལ། ནོར་ཝེ་སྲིད་བློན་ཇེན་སི་(Jens Stoltenberg) ཡིས་ཐེངས་འདིའི་དྲག་རྒོལ་ནི་ནོར་ཝེ་རྒྱལ་ཡོངས་ཀྱི་གོད་ཆག་ཆེན་པོ་ཞིག་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་ནོར་ཝེ་རྒྱལ་ཁབ་ལ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་འདི་འདྲ་བྱུང་མྱོང་མེད། ཅེས་བརྗོད་འདུག

དེ་རིང་ཞོགས་པར་ཨན་ཌར་སི་(Anders Behring Breivik) ཞེས་པ་རང་ལོ་ ༣༢ ཅན་གྱི་ནོར་ཝེ་བ་ཞིག་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། འགད་རྫས་དང་མེ་མདའི་དོན་རྐྱེན་གཉིས་ཀ་ཁོ་རང་ཡིན་པ་དང་། ཁོངམི་གཞན་དང་འབྲེལ་བ་ཡོད་མེད་ཐད་ད་དུང་གནས་ཚུལ་ཁ་གསལ་བྱུང་མི་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ནོར་ཝེ་ནང་དྲག་སྤྱོད།

  1. མི་ ༩༡ དམར་གསོད་བཏང་པ་རྣམས་ལ་བསྡོ་སྨོན་དང་། ནོར་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ཨོ་སི་ལོ་ནང་འགད་རྫས་གཏོར་པ་སེམས་འཚབ་ཆེན་པོ་ཡོད། མི་ ༩༡ དེ་དག་ལ་ཨོཾ་མ་ཎི་པདྨེ་ཧཱུྃ།