ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོ་པ་ཀི་སི་ཐན་ནང་ཆར་ཆེན་བབས་པ་དང་ཆུ་ལོག་བྱུང་སྟེ་མི་ ༡༤༡ ཙམ་ལ་སྲོག་སྐྱོན་དང་། ཡུལ་མི་ས་ཡ་ ༤ ལྷག་ལ་སྡོད་གནས་མེད་པར་གྱུར་ཡོད་འདུག
ཐེངས་འདིའི་ཆར་ཆེན་ཆུ་ལོག་གིས་པ་ཀི་སི་ཐན་ལྷོ་ཕྱོགས་ས་ཁུལ་གྱི་རྫོང་ ༢༡ ནང་གི་སའི་རྒྱ་ཁྱོན་མུའུ་(Acre) ས་ཡ་ ༤།༡ ལ་གནོད་སྐྱོན་བྱུང་ཡོད་ཅིང་། ས་ཁྱོན་མུའུ་ས་ཡ་ ༡།༧ ཙམ་གྱི་ཞིང་ལས་སྟོན་ཐོགས་ལ་གནོད་སྐྱོན་ཕོག་ཡོད་པ་མ་ཟད། ས་ཁུལ་དེ་དག་ནང་གི་ཡུལ་མི་ས་ཡ་ ༤ ལྷག་ལ་སྡོད་གནས་མེད་པར་གྱུར་ཡོད་འདུག་ལ། ཐེངས་འདིའི་ཆུ་ལོག་གིས་ ༡༤༡ ཙམ་རྐྱེན་ལམ་དུ་ཤོར་ཡོད་འདུག དོན་རྐྱེན་འདིའི་ཐད་པ་ཀི་སི་ཐན་གྱི་སྲིད་བློན་གྷེ་ལཱ་ནེ་(Yousuf Raza Gilani)ཡིས་བརྗོད་པ་ལྟར་ན། ད་ལྟའི་ཆར་གནོད་ཐེབས་ས་ཁུལ་གྱི་མི་མང་ཆེད་གུར་བཞི་སྟོང་ ༤༠༠༠ ཙམ་བརྒྱབ་སྟེ། སྡོད་གནས་མེད་པའི་ཡུལ་མི་ ༡༥༠༠༠༠ ཙམ་ལ་གནས་སྐབས་རིང་སྡོད་གནས་ཀྱི་མཐུན་རྐྱེན་བསྐྲུན་ཡོད་པ་དང་། ད་དུང་གུར་ཁྲི་བཅུ་ ༡༠༠༠༠༠ ཙམ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། གནོད་ཐེབས་ནང་མི་འབུམ་གཅིག་ ༡༠༠༠༠༠ ཙམ་ལ་འབྲུ་རིགས་མཁོ་སྤྲོད་བྱེད་བཞིན་ཡོད་སྐོར་བརྗོད་འདུག
ཁ་སང་གཟའ་ཉི་མའི་ཉིན་པ་ཀི་སི་ཐན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པས་ཐེངས་འདིའི་པ་ཀི་སི་ཐན་གྱི་གནོད་ཐེབས་མི་མང་ལ་རྒྱ་ནག་གཞུང་གིས་རྒྱ་སྒོར་ས་ཡ་ ༣༠ རོགས་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།