ཁ་སང་ཕྱི་ཚེས་ ༩ ཉིན་ཨེ་ཇིབ་རྒྱལ་ས་ཀའེ་རོའི་ནང་ཁོབ་ཊེ་ཡི་ཤུ་བ་དང་གཞུང་དམག་བར་ཟིང་འཁྲུག་དོན་རྐྱེན་བྱུང་སྟེ་མི་ ༢༤ རྐྱེན་ལམ་དུ་བཏང་ཡོད་འདུག
ཉེ་ལམ་ནས་ཀོབ་ཊི་(Coptic Christians )ཡི་ཤུ་གྲངས་ཉུང་མི་རིགས་ལ་གཞུང་དང་ཡུལ་དེའི་ཁ་ཆེ་བ་ཕྱོགས་གཉིས་ནས་དཀའ་ངལ་རིམ་པར་བྱུང་སྟབས། གཟའ་ཉི་མའི་ཉིན་ཀོབ་ཊི་ཡི་ཤུ་བ་བརྒྱ་ཕྲག་མང་པོ་རྒྱལ་ས་ཀའེ་རོ་གྲོང་ཁྱེར་ནང་འཛོམས་ཏེ། གཞུང་གིས་ཡི་ཤུ་ཆོས་ལུགས་པའི་སྟེང་དམིགས་བསལ་དམ་དྲག་དང་། གཞུང་གི་རྩ་ཁྲིམས་ནང་ཡི་ཤུ་ལྷ་ཁང་གསར་རྒྱག་ལ་སྲིད་འཛིན་གྱི་ཆོག་མཆན་ལེན་དགོས་པར་ངོ་རྒོལ་སྐད་འབོད་བྱས་སྐབས། གཞུང་དམག་གིས་ཞི་རྒོལ་པའི་སྟེང་དྲག་གནོན་བྱས་སྐབས། ཁ་ཆེ་བ་མང་པོ་ཞི་རྒོལ་ནང་ཞུགས་ཏེ་གཞུང་གི་དྲག་གནོན་ལ་ངོ་རྒོལ་བྱས་ཡོད་འདུག
ཡུལ་དེའི་ཆུ་ཚོད་ ༢ པ་ཙམ་ནས་ཡེ་ཤུ་བ་རྣམས་ཞི་བའི་སྒོ་ནས་གྲོང་ཁྱེར་གང་སར་འཛོམས་ཏེ། སྐད་འབོད་ངོ་རྒོལ་བྱས་པར་རིམ་བཞིན་གཞུང་དམག་གིས་སྐོར་ཞིང་། ཞི་རྒོལ་པའི་ཁྲོད་དུག་རླངས་གཏོང་པ་དང་། ཞི་རྒོལ་པ་འཛིན་བཟུང་བཅར་རྡུང་བྱས་སྟབས། ཕྱི་དྲོའི་ཆུ་ཚོད་ ༧ པ་ཡས་མས་ཤིག་ནས་ཞི་རྒོལ་པ་རྣམས་གཞུང་དམག་དང་འཁྲུག་འཛིང་ཤོར་ཡོད་པ་དང་། དམག་མིའི་རླངས་འཁོར་དང་ཁྲབ་ལྡན་འཐབ་འཁོར་དག་ལ་མེ་བརྒྱབ་ཅིང་། དྲག་ཆས་དམག་མི་ཁག་ཅིག་ཀྱང་དམར་གསོད་བཏང་ཡོད་འདུག་ལ། ཉིན་དེའི་ཞི་རྒོལ་པའི་ཁྲོད་ད་ལྟའི་བར་རྒལ་དམག་མིའི་གཞུང་ཕྱིར་བསྡུ་དགོས་པ་དང་། ལྷག་པར་དུ་དམག་མིའི་གཞུང་གི་སྤྱི་ཁྱབ་པ་ཊན་ཊ་ཝེ་(Field Marshal Mohamed Tantawi) གོ་གནས་ནས་འབུད་དགོས་པའི་སྐད་འབོད་བྱས་ཡོད་འདུག
ཀོབ་ཊི་ཡེ་ཤུ་གྲངས་ཉུང་མི་རིགས་ཀྱིས་ཨེ་ཇིབ་མི་གྲངས་ས་ཡ་ ༨༠ ནང་གི་བརྒྱ་ཆ་ ༡༠ ལས་ཟིན་མེད་ཅིང་། ཨེ་ཇིབ་གཞུང་གིས་ཡེ་ཤུ་བ་ཁ་ཆེ་ཆོས་ལུགས་ལ་བཅོས་སྒྱུར་ཐོབ་ཐང་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། ཆོས་ལུགས་གཞན་དུ་འགྱུར་པར་ངོས་ལེན་བྱེད་པའི་ལམ་ཀ་མེད་ཚུལ་བཀོད་འདུག
གསར་འགོད་པ། བནྡེ་སྐྱབས།
ཞི་རྒོལ་བས་དྲག་དཔུང་ལ་རྒོལ་འཛིང་བྱས་ན་བྱ་སྒོང་རྡོ་ཡིན། ང་ཚོ་བོད་མི་ཚོས་ནམ་ཡང་འདི་འདྲ་མིག་དཔེ་ལྟ་མི་ཉན། མ་གཞི་ནས་ཚེ་སྲོག་བློས་ཁོ་ན་མིན་པའི་ཚེ་སྲོག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་དང་བྱ་བ་སྒྲུབ་རྒྱུར་འབད་བརྩོན་གནང་གལ་ཆེའོ།