འབར་མའི་བཙོན་པ་ཀློད་གྲོལ།

དེ་རིང་འབར་མའི་གཞུང་གིས་བཙོན་པ་མང་པོ་ཞིག་ཉེས་ཡང་ཀློད་གྲོལ་གཏོང་མགོ་ཚུགས་ཡོད་ཅིང་། དེ་དག་ཁྲོད་ཆབ་སྲིད་བཙོན་པ་ཅི་ཙམ་ཡོད་མེད་ཁ་གསལ་བྱུང་མི་འདུག  

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་འབར་མ་དམག་མིའི་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། སྲིད་འཛིན་ཐེན་སེན་(Thein Sein)མཆོག་གིས་བཀའ་འཁྲོལ་ཐོབ་པ་ལྟར། འབར་མའི་བཙོན་འོག་གི་བཙོན་པ་ ༦༣༥༩ ཙམ་ཉེས་ཡང་བཙོན་གྲོལ་གཏོང་རྒྱུའི་ཐག་གཅོད་དེ་བྱུང་བ་ཞིག་ཡིན་ཞིང་། དེ་དག་ཕྱི་ཚེས་ ༡༢ ཉིན་འབར་མའི་ཆོས་ལུགས་དུས་ཆེན་དང་བསྟུན་ཏེ་བཙོན་གྲོལ་གཏོང་རྒྱུ་ཡིན་ཚུལ་བསྒྲགས་ཡོད།  

ཐེངས་འདིར་འབར་མའི་གཞུང་གིས་བཙན་པ་མང་པོ་ཞིག་ཀློད་གྲོལ་བཏང་བ་འདི་ནི། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འབར་མ་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བཅས་ཀྱིས་སྲིད་འཛིན་ལ་གཞུང་གི་སྲིད་ཇུས་སྔར་ལས་གུ་ཡང་དང་དམངས་གཙོ་བཅོས་སྒྱུར་གྱི་ཕྱོགས་སུ་གོམ་སྟབས་བསྒྱུར་ཆེད། འབར་མའི་བཙོན་ཁང་ཁག་གི་བཙོན་པ་མང་པོ་ཞིག་ཉེས་ཡང་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་དང་ལེན་བྱས་པ་ཞིག་ཡིན་འདུག

ཀློད་གྲོལ་གྱི་ཆོག་མཆན་ཐོབ་ཡོད་པའི་བཙོན་པ་དེ་དག་ཁྲོད་ཆབ་སྲིད་བཙོན་པ་ཅི་ཙམ་ཡོད་མེད་གསལ་བོ་ཤེས་རྟོགས་ཐུབ་མེད་ཀྱང་། ཆབ་སྲིད་བཙོན་པ་ ༢༠༠༠ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག་ལ། དེ་སྔོན་ ༢༠༠༧ དང་ ༢༠༠༨ བཅས་སུ་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཁག་ཅིག་ཀྱང་ཡོད་འདུག

གནད་དོན་འདིའི་ཐད་ཨང་སན་སུའུ་ཀེའི་རྒྱལ་ཡོངས་དམངས་གཙོ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཝེན་(Nyan Win) གྱིས།ཆབ་སྲིད་བཙོན་པ་ཀློད་གྲོལ་བཏང་པ་དེ་གཞུང་གི་སྲིད་ཇུས་ལ་དམངས་གཙོ་བཅོས་སྒྱུར་བྱེད་པའི་ཆ་ཤས་གཅིག་ཡིན་པ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་གྱི་རང་དབང་སོགས་གནད་དོན་ཕྱོགས་ཡོངས་ནས་གུ་ཡང་ཡར་རྒྱས་གཏོང་དགོས་པ་རེད།ཅེས་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

8 thoughts on “འབར་མའི་བཙོན་པ་ཀློད་གྲོལ།

  1. གཉན་ཆེན་ཐང་ལྷ་

    འབར་མའི་དམངས་གཙོ་དོན་གཉེར་བ་ཆེན་མོ་ལྕམ་ཨང་སན་སུའུ་ཀེའི་དཀའ་ལས་རྒྱབ་པའི་འབྲས་བུ་མིན་ནམ་སྙམ།

  2. ཆབ་བྲག་ལྷ་མོ་སྐྱབས།

    བཙོན་མ་འབོར་ཆེན་ཞིག་གློད་ཀྱིན་འདུག ད་དུང་ཅི་ཙམ་ལྷག་ཡོད་དམ། བཙོན་མ་འདི་རིགས་ཀྱི་ཉེས་པ་ཆེ་ཆུང་ཅི་འདྲ་ཡིན་ནམ། ཕྱི་ཚུལ་མིན་ནམ། གང་ལྟར་སྲིད་དོན་བཙོན་མ་མང་པོ་བཏང་ཡོད་ན་དགའ་འོས་པའི་རེ་བ་ཞིག་ཡིན་སྲིད།

  3. འབར་མ་འདི་དེང་སང་རྒྱལ་སྤྱི་ལ་ཁ་ཕྱོགས་ཏེ་འགྲོ་གི་འདུག འབར་མའི་རང་དབང་དང་མང་གཙོ་དར་རྒྱས་འགྲོ་ཡོང་བར་ཤོག