མཚན་བྱང་འདི་བརྗེ་རན་འདུག

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༡༩ པའི་སྟེང་གི་­­­རྩོམ་སྒྲིག་པའི་གཏམ།
 

གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་འགན་དབང་ལ་བཅོས་བསྒྱུར་བཏང་བ་དང་ལྷན་དུ། གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་མཚན་བྱང་དེར་ཡང་གསར་བརྗེ་བྱས་ཡོད། འདི་ནི་བོད་པ་ཚོར་མཚོན་ན། ཆེས་ཉན་མི་སྤྲོ་བ་ཞིག་དང་ཡིད་དུ་མི་འོང་པ་ཞིག བློ་ཕམ་གྱི་རང་བཞིན་ཡིན་སྲིད་ཀྱང་། བློ་ཕམ་དེ་བོད་རིགས་ཡོངས་ལ་ཁྱབ་པ་ཞིག་མིན་ལ། འཕྲལ་ཕུགས་གཉིས་ལ་བསམ་བློས་ཆོད་པའི་སེམས་ཁུར་ཞིག་དེ་བས་ཀྱང་ཆགས་མེད། ཞིབ་ཏུ་བསམ་བློ་བཏང་ན། འཕོ་འགྱུར་འདི་ནི་འཛམ་གླིང་གི་འགྱུར་འགྲོས་དང་མཐུན་ཞིང་། དམངས་གཙོའི་འཕེལ་ཕྱོགས་ལ་བསྟུན་པའི་འཕོ་འགྱུར་ཞིག་ཡིན་ལ། འབྱུང་འགྱུར་རྩ་དོན་འཐབ་རྩོད་ཕྱོགས་ནས་ཀྱང་ང་ཚོར་ཕམ་ཁ་ཆེན་པོ་རེག་འགྲོ་རྒྱུ་གང་ཡང་མེད་སྟབས། གོ་སྐབས་འདི་དང་བསྟུན་ཏེ་བོད་པ་སྤྱི་ལ་ཁྱབ་པའི་མཚན་བྱང་ཞིག་འདོག་རན་འདུག 

    ༧གོང་ས་མཆོག་གིས་དུས་རྒྱུན་ང་ཚོས་ལོ་རྒྱུས་ལ་རྒྱབ་བཤོལ་བྱས་ཏེ་སྡོད་ས་ཡེ་ནས་མེད། མ་འོངས་པ་དང་དངོས་ཡོད་ཁས་བླངས་ཏེ། མདུན་ཕྱོགས་སུ་བལྟ་དགོས་གསུང་གི་ཡོད་པ་ལྟར། མ་འོངས་པ་ལ་ཁ་ཕྱོགས་མེད་ལ། མ་འོངས་པ་ནི་ང་ཚོ་ཁོ་ནར་དབང་བ་ཞིག་ཀྱང་མིན། དངོས་ཡོད་ནི་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་དེ་ཆོས་ལུགས་བྱེ་བྲག་པ་ཞིག་དང་། ས་གནས་བྱེ་བྲག་པ་ཞིག་གི་མཚོན་དོན་ཡིན་ལ། སྐབས་བབ་རྒྱ་གར་གཞུང་གི་ཁྲིམས་ལུགས་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གནང་ཕྱོགས་བཅས་ལ་ཡང་དཀའ་ངལ་བསྟུད་མར་ཡོང་གི་ཡོད་སྟབས། ང་ཚོས་ཀྱང་བསམ་བློ་གསར་དུ་བཏང་སྟེ་སྤོབས་པ་དང་སྙིང་སྟོབས་ཀྱིས་འདེགས་པའི་མཆོངས་སྐྱོད་ཆེན་པོ་ཞིག་མི་བྱེད་ཐབས་མེད་ཆགས་ཡོད། 

    ད་ཆར་ང་ཚོས་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་གཉིས་བཟུང་ཡོད། གཅིག་ནི་དབུ་མའི་ལམ་བརྒྱུད་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དེ་རེད་ལ། ཅིག་ཤོས་ནི་རང་བཙན་གཙང་མ་བརྩད་དེ་ལོ་རྒྱུས་ཐོག་གི་ས་ཁོངས་དང་། ཆབ་སྲིད་བདག་དབང་ཡོངས་རྫོགས་སླར་གསོ་བྱ་རྒྱུ་དེ་རེད། དབུ་མའི་ལམ་གྱི་འགྲེལ་བཤད་ལྟར་ན།རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་། ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོསཞེས་བཀོད་ཡོད། དབུ་མའི་ལམ་གྱི་འཁྲུངས་སྐར་ནས་དགའ་ལྡན་ཕོ་བྲང་གཞུང་གི་མཚན་བྱང་དེ་བསྡུ་གསོག་བརྒྱབ་ཡོད་ལ། རང་བཙན་སླར་གསོའི་ལས་རིམ་ཁྲོད་དུ་ཡང་ཤོར་འགྲོ་རྒྱུ་དང་ཕམ་འགྲོ་བའི་གནས་སྟངས་གང་ཡང་མེད།

            སྤྱིར་བྱུང་རབས་ལོ་རྒྱུས་ཐོག་ཏུ་གཞུང་ས་དགའ་ལྡན་ཕོ་བྲང་ཟེར་བ་འདི་དེ་སྔ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་གཞུང་ཡིག་དང་གཞུང་ཐམ། དངུལ་ལོ་དང་ལས་རྟགས་སོགས་སུ་གསལ་བའི་ལོ་རྒྱུས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་མོད། ཐེངས་འདིར་མཚན་བྱང་དེ་མེད་པ་བཟོས་པ་ཙམ་གྱིས་བོད་རང་བཙན་མིན་པའི་སྒྲུབ་བྱེད་མི་ཉན་ལ། ལོ་རྒྱུས་ཐོག་གི་དཔང་པོ་དེ་དག་ནག་གསུབ་བཏང་བ་ཞིག་ཀྱང་ཆགས་མེད། ལོ་རྒྱུས་ནི་ལོ་རྒྱུས་རང་དུ་གྲུབ་པའི་དེ་ཉིད་ཅིག་ཡིན་ལ། ཐེངས་འདིར་ལྡོག་མེད་ཀྱི་དཀའ་ངལ་འོག་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་བྱང་ལ་བཅོས་བསྒྱུར་བཏང་བ་འདི་ཡང་འབྱུང་འགྱུར་ལོ་རྒྱུས་སུ་གྲུབ་པའི་བདེན་པ་ཉིད་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “མཚན་བྱང་འདི་བརྗེ་རན་འདུག

  1. མི་རྟག་པས་ཟིན་པའི་ཤ་རུས

    བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་ནི་དེ་སྔ་ཡང་བསྒྱུར་མེད་ལ་ད་དུང་ཡང་བསྒྱུར་མི་སྲིད་དེ་སྔ་མི་རིགས་གཞན་ལ་བསྒྱུར་ཡོད་ལབ་པ་ཙམ་མ་གཏོགས་དོན་དངོས་སུ་བསྒྱུར་མེད། གང་ཡིན་ཟེར་ན་ང་རང་ཚོས་ཉིན་ལྟར་སྐད་གསང་མཐོན་པའི་ངང་ནས་གནམ་བསྐོའི་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག་ཟེར་ནས་སེམས་དགའ་སྤྲོ་ཆེན་པོའི་ངང་ནས་བཀློག་བཞིན་ཡོད་།། བོད་གཞུང་གི་མིང་བསྒྱུར་བཅོས་བཏང་སོང་ཟེར་བ་ནི་དོན་མེད་ཀྱི་དཀྲོག་གཏམ་ཆེན་པོ་ཞིག་ཡིན་ནོ།།