ཡར་སྐུལ་བའི་མཚན་བྱང་།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༠ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།
 

ཐེངས་འདིར་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ་མིང་གང་འདྲ་ཞིག་འདོག་དགོས་མིན་ཐད་རྩོད་གླེང་སྣ་ཚོགས་ཤིག་བྱུང་སོང་། རྒྱལ་ཡོངས་ཚོགས་ཆེན་སྟེང་རྒན་གཞོན་གཉིས་ཀའི་ཁ་བརྡར་ཞིང་། གཞུང་དམངས་གཉིས་ཀ་ཁོག་བསྡུར་ཏེ། འོས་འཚམ་ཡིན་མིན་གྱི་མཚན་བྱང་མང་པོ་ཞིག་བཀྲམས་སོང་མོད། ཁ་ཆེན་དབང་ཆེན་མང་པོ་ཞིག་གིས་བཤད་བཤད་ཀྱི་མཐའ་མ། བསམ་བསམ་གྱི་སྙིང་བོར་༼ བོད་མིའི་སྒྲིག་འཛུགས ༽ཞེས་པ་འདི་བདམས་པ་རེད། མཚན་བྱང་འདི་ལ་ཡང་༧གོང་ས་མཆོག་གི་བཀའ་ལུང་ཡོད་ཚུལ་བཤད་ཆོག་མོད། དོན་གྱིས་༧གོང་ས་མཆོག་གིས་༼ གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས ༽ཞེས་རྔམ་བརྗིད་ལྡན་ལ་དོན་སྙིང་ཆེ་བའི་ཐ་སྙད་ཅིག་དེ་སྔོན་ནས་བདམས་ཚར་ཡོད།

    ༧གོང་ས་མཆོག་གིས་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་གནང་སྐབས། བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་འཇོག་ཐབས་ཡོད་པ་མ་རེད། དེ་བས་“གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས” དང་། དེ་མིན་ན་ “གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང” ཞེས་བཏགས་ན་འོས་འཚམས་ཡིན། ཞེས་ཞལ་དྲོན་མོ་ནས་བཀའ་ཕེབས་པ་ཚོགས་བཅར་བ་བཞི་བརྒྱ་ལྷག་གིས་ཐོས་ཡོད། ནམ་རྒྱུན་༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས། གངས་ལྗོངས་དང་། གངས་ཅན་པ་ཞེས་པའི་ཚིག་འདི་དག་ཡང་ཡང་བེད་སྤྱོད་གནང་སྲོལ་ཡོད་ལ། འདི་ལས་ཁོང་གིས་དུས་དང་རྣམ་པ་ཀུན་དུ་བོད་གཞིས་བྱེས་གཉིས་ཀ་ཐུགས་དཀྱིལ་དུ་ཡོད་པ་བསྟན་ཡོད།   

    སྤྱིར་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཞེས་པ་འདིར་གཏིང་ཟབ་ཅིང་རྒྱ་ཆེ་བའི་འགྲེལ་སྟངས་ཤིག་ཡོད་ངེས་མོད། ཚིག་ངོས་ཙམ་གྱི་གོ་དོན་བཀྲལ་ན་ཡང་། “གངས་ལྗོངས”ཞེས་པ་འདིས་བོད་གཞིས་བྱེས་གཉིས་མཚོན་ཞིང་། “རང་དབང” ཞེས་པ་འདིས་འཐབ་རྩོད་ཀྱི་ངོ་བོ་བསྟན་ཡོད། “དམངས་གཙོ” ཡིས་གཞུང་གི་སྲིད་བྱུས་མཚོན་ཞིང་། “སྒྲིག་འཛུགས” ནི་ཚོགས་པའམ་ཤོག་ཁག་ཅིག་ཏུ་གོ་དགོས་མོད། གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཞེས་ལྷན་དུ་སྦྱར་བ་ལས་དམིགས་བསལ་དོན་གནད་ཅིག་གསེད་བཀྲོལ་བྱས་ཡོད། དེ་ནི་བོད་གཞིས་བྱེས་གོང་བུ་གཅིག་སྒྲིལ་ཐོག་རང་དབང་གི་ལས་དོན་སྒྲུབ་ཕྱིར་དམངས་གཙོའི་ལམ་ནས་བཙུགས་པའི་ཚོགས་པ་འམ། ཡང་ན་བོད་གངས་ཅན་ལྗོངས་ཀྱི་རང་དབང་ཆེད་བཙུགས་པའི་དམངས་གཙོའི་སྒྲིག་འཛུགས་ཞེས་གསལ་བར་བསྟན་འདུག

    འོན་ཀྱང་། མཁྱེན་དཔྱོད་ཡངས་དྲགས་ཏེ་དགོངས་དབྱིངས་སུ་མ་ཐོག་པ་ཡིན་ནམ། བློ་མིག་དོག་དྲགས་ཏེ་ཀླད་རྩ་རུ་མ་འཇུ་བ་རེད། གང་ལྟར་༧གོང་ས་མཆོག་གིས་ཚོགས་བཅར་བ་བཞི་བརྒྱའི་སྙན་ལ་བཞག་པའི་མཚན་བྱང་སྣང་མེད་དུ་བཞག་ཅིང་། ཡང་དང་བསྐྱར་དུ་ཞུ་སྐུལ་གནང་སྟེ། “བཙན་བྱོལ་སྒྲིག་འཛུགས” ཀྱི་མཚན་བྱང་དེ་བསུས་ཤིང་། དེས་ཀྱང་བློ་ཡིད་མ་འཚིམ་པར་ “བོད་མིའི་སྒྲིག་འཛུགས” ལ་བསྒྱུར་སོང་། འདི་ལ་བཀའ་ཁྲི་མཆོག་གིས་གཟིགས་ཚོར་ཞིག་གསུངས་ཡོད་དེ། སྐུ་སྒེར་ཡིག་ཚང་གི་བཀའ་བསྒྱུར་བའི་རྗེས་ལ་ད་དུང་བཀའ་བསྒྱུར་བ་དེ་མ་ཡིན་པའི་རྣམ་པའི་ཐོག་བསྐྱར་དུ་སྙན་སེང་ཞུས་ཏེ། དེ་འདྲ་ཡིན་མིན་དང་། དེ་ལས་གཞན་པ་ཡོད་མེད་ཀྱི་དྲི་བ་བཏང་མཐར་ཚིག་དེ་ལ་འགྱུར་བ་གཏོང་དགོས་བྱུང་བ་རེད། དེ་ང་རང་གི་བསམ་པར་༸གོང་ས་མཆོག་ལ་གནོན་ཤུགས་ཀྱི་སྟེང་ནས་ཚིག་ཏེ་ཡར་སྐུལ་སོང་བསམ་པ་ལས། སྐུ་མདུན་རང་གི་དགོངས་པའི་ནང་ཡོད་པའི་ཚིག་ཅིག་མར་གསུངས་སོང་བསམ་པ་ཞིག་དྲན་ཐུབ་མ་སོང་། ཞེས་མཚན་བྱང་འདིའི་བྱུང་སྟངས་བསྟན་ཡོད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply