བོད་དོན་གྱི་ཐོག་མ་དང་མཐའ་མ།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༢ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

དེང་སྐབས་རྒྱ་རིགས་ཤེས་ལྡན་པ་དང་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བའི་ཁྲོད་དུ་ “བོད་དོན” ཞེས་པ་འདིའི་ཐོག་མའི་འབྱུང་རྐྱེན་སྐོར་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་རིགས་གཉིས་ཡོང་གི་ཡོད་ཚུལ་འདུག་ལ། བོད་དོན་གྱི་མཐའ་མའི་སེལ་ཐབས་ཐད་ལའང་ལྟ་ཚུལ་མི་མཐུན་པ་གཉིས་ཡོང་གི་ཡོད་རབས་བཤད། བོད་དོན་བྱུང་སྟངས་ཐད་རྒྱ་རིགས་ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་བཙན་འཛུལ་བྱས་པ་ལས་བྱུང་བར་འདོད་ལ། ཡང་ཁག་ཅིག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ནོར་འཁྲུལ་ཤོར་བ་ལས་བྱུང་བར་སྙམ། རྩོད་གཞི་འདི་གཉིས་ནི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་གྱི་ཐོག་མའི་བྱུང་སྟངས་ལ་ངོས་འཛིན་བྱེད་ཕྱོགས་ཤིག་ཡིན་ལ། བོད་དོན་ཐག་གཅོད་ཀྱི་མཐའ་མའི་ཚད་འཇལ་བྱེད་ཕྱོགས་ཤིག་ཀྱང་ཡིན་སྟབས། རྩོད་གླེང་དེའི་རྒྱབ་མཐུན་གཉིས་ཀར་ཞིབ་ལྟ་ཞིབ་ཉན་ཞིག་མི་བྱེད་ཀ་མེད་བྱུང་། 

    སྤྱིར་གླེང་གཞི་འདི་༧གོང་ས་མཆོག་གིས་ “འདས་ཟིན་པའི་ལོ་རྒྱུས་ཐོག་ཕྱི་བཤོལ་མི་བྱེད་པར་མདུན་ཕྱོགས་ལ་གོམ་པ་སྤོ་དགོས” གསུངས་པའི་རྩ་དོན་དང་འགལ་ཡོད་ལ། བཙན་བྱོལ་སྤྱི་ཚོགས་ནང་གི་དབུ་མའི་ལམ་དང་རང་བཙན་གྱི་རྩོད་གླེང་ལས་ཀྱང་རིང་དུ་འདའ་ཡོད་སྟབས། རྩོད་གཞི་འདི་གཉིས་ཀྱི་ཤུགས་བསྟན་ལས་གནད་དོན་གཞན་ཞིག་ཀྱང་གསལ་བཤད་བྱས་ཡོད། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། ཕྱིས་སུ་རྒྱ་གཞུང་གིས་བཙན་འཛུལ་བྱས་པ། ད་ལྟའི་གནས་སྟངས་བཙན་གནོན་འོག་ཡོད་པ་སོགས་ངོས་ལེན་བྱེད་ཀྱི་ཡོད་ཀྱང་། རིགས་གཅིག་གིས་བཙན་འཛུལ་དང་བཙན་གནོན་ལ་སྐད་ཆ་མེད་པར་“བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན” ཟེར་བའི་རྒྱ་ནག་གཞུང་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

    ལྟ་སྟངས་དེ་གཉིས་ལ་རགས་བཤད་ཙམ་བྱས་ན། དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུའི་མཇུག་ཙམ་ནས་རྒྱ་གཞུང་གིས་བོད་ནང་དྲག་པོས་བཙན་འཛུལ་བྱས་པ་དེ་ནི། ད་ལྟ་རྒྱལ་སྤྱིའི་སྒང་གི་བོད་དོན་ཟེར་བ་འདི་ཐོག་མར་བྱུང་བའི་རྒྱུ་ཡིན་ལ། བོད་རྒྱ་གཉིས་བར་གྲོས་འཆར་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་རྗེས་རྒྱ་གཞུང་གིས་གྲོས་དོན་རྡོག་རོལ་དུ་བཏང་སྟེ་བོད་ནང་དམག་དཔུང་དྲངས་ཤིང་། མང་ཚོགས་ལ་བཙན་གནོན་དང་བཤུ་གཞོག་ཡ་ང་བ་བྱས་ཏེ། དམངས་གཙོའི་བཅོས་བསྒྱུར་བཙན་ཤེད་ཀྱིས་ལག་བསྟར་བྱས་པ་ནི་བོད་དོན་འདི་བར་ནས་འཕེལ་བའི་རྐྱེན་ཡིན། ཐོག་མའི་རྒྱུ་དང་བར་གྱི་རྐྱེན་གཉིས་འཕྲད་པ་ལས་དེ་རིང་གི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་བོད་དོན་ཟེར་བ་འདིར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་རེད། མདོར་ན་བོད་དོན་ཟེར་བ་དེ་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་བྱུང་བ་ཡིན་ལ། བོད་ཐོག་འཛིན་པའི་སྲིད་བྱུས་ནོར་འཁྲུལ་ཤོར་བས་ཀྱང་ཡིན།   

ཡང་རྒྱ་རིགས་ཤེས་ལྡན་པའི་ནང་བོད་དོན་གྱི་མཐའི་མའི་སེལ་ཐབས་སྐོར་ལ་ཡང་ལྟ་ཚུལ་མི་མཐུན་པ་གཉིས་ཡོང་གི་ཡོད། ཁག་ཅིག་གིས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་རྗེས་བོད་དོན་ཞོར་ནས་སེལ་འགྲོ་བར་དགོངས་ཀྱི་ཡོད་ལ། ཁག་ཅིག་གིས་རྒྱ་ནག་དམངས་གཙོར་གྱུར་རྗེས་བོད་དོན་སེལ་རྒྱུར་རེ་བ་མེད་སྐོར་གླེང་གི་ཡོད། བསམ་ཚུལ་སྔ་མ་དེར་རྒྱ་རིགས་ཙམ་མིན་པར་བོད་ནང་གི་གཞོན་སྐྱེས་ཚོའི་ཁྲོད་དུའང་མོས་མཐུན་གནང་མཁན་ཡོད་ལ། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་འགའ་རེས་ཀྱང་དེ་ལྟར་གླེང་། རྒྱ་ནག་དམངས་གཙོར་འགྱུར་ཡང་རུང་ལ། དམངས་གཙོའི་མགོ་ཁྲིད་མི་རིགས་སུ་འདྲ་ཞིག་ལངས་ཀྱང་ཆོག བོད་མི་རིགས་ལ་མི་རིགས་ང་དྲུག་ལས་ལྷག་པའི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཟེར་མཁན་ཞིག་ལ་རྒྱབ་སྐྱོར་ཐོབ་མི་སྲིད་ལ། བོད་ནི་རྒྱ་ནག་ལས་རྦད་དེ་ལོགས་སུ་བགར་རྒྱུ་ཡིན་ཟེར་མཁན་ཞིག་ལ་ཧཱན་མི་རིགས་ཆེན་པོས་དེ་བས་ཀྱང་གུ་ཡངས་གཏོང་མི་སྲིད་པས། རྒྱ་ནག་དམངས་གཙོར་འགྱུར་བའི་ཉིན་མོ་དེ་ནི། བོད་དོན་ལ་རེ་ཐག་ཆད་པའི་ཉིན་མོ་དེ་ཡིན་ཡང་སྲིད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply