གྲོས་ཚོགས་སྐབས་ ༡༤ ལ་སྐྱེལ་མ།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༡ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་མི་ཁ་དང་ལབ་གླེང་གི་ཁྲོད་ནས་རྫོགས་སོང་། ཕྱོགས་ཞེན་དང་སྒེར་འཁོན་ཐོག་ནས་བསྐྱལ་སོང་། དཔའ་གཏམ་དང་ཕྱུག་གཏམ་གྱི་ཀླུང་ནས་འདས་སོང་། འདས་པའི་ལོ་ངོ་ལྔ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རླུང་རྟ་རྒུད་ཅིང་བསོད་ནམས་ཟད་པ། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ལ་གོར་ཐིག་བབས་པའི་ལོ་ལྔ་ཡིན་ལ། “ཡུལ་གྱར་སྲིད་གཞུང་རྫུན་མར་ལྟད་མོ་ལྟོས་དང” ཞེས་རྒྱ་ནག་དམར་གཞུང་གིས་ཁྲེལ་རྒོད་དང་འཕྱ་སྨོད་བྱས་ཏེ། ཕྱི་ལོགས་སུ་རེ་བའི་མིག་འབུར་ལྟ་མཁན་གཞིས་སྲུང་སྤུན་ཟླའི་སྙིང་ལ་ན་ཟུག་སྦྱིན་པའི་ལོ་ཟླ་ནག་པོ་དག་ཡིན། སྐབས་འདིའི་སྤྱི་འཐུས་རེ་ཟུང་གི་བཤད་སྤྱོད་ལས་མི་མང་པོ་ཞིག་ལ་དམངས་གཙོའི་ལམ་སྲོལ་ལ་དོགས་སྣང་དང་སྤྱི་བའི་སྐུ་ཚབ་ལ་འཇིགས་སྣང་ཞིག་སྐྱེས་ཡོད།

    སྤྱིར་འདས་མ་ཐག་པའི་ལོ་ལྔ་ནི་ཧ་ཅང་དཀའ་ཚགས་ཆེ་ཞིང་གནས་ཚུལ་མང་པོ་བསྟུད་མར་བྱུང་བའི་ལོ་ཞིག་ཆགས་ཡོད། སྐབས་བཅུ་བཞི་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཡང་བཟང་ཕྱོགས་ཀྱི་གྲུབ་འབྲས་སྣ་གཅིག་ཀྱང་སྟོན་རྒྱུ་མེད་པ་མིན་ལ། མ་འགྲིག་པ་དང་མ་འཁྱོངས་པ་དེ་དག་ཀྱང་སྤྱི་འཐུས་ཚང་མས་བཟོས་པའི་ཉག་ཉེས་ཤིག་དེ་བས་ཀྱང་མིན། སྤྱི་འཐུས་རེ་ཟུང་གི་བསམ་བློའི་གནས་ཚད་དང་ཀུན་སྤྱོད་འཁྱེར་ཕྱོགས། གྲོས་ཚོགས་ར་བའི་ནང་བཀའ་མོལ་གནང་སྟངས་དང་རྣམ་འགྱུར་སྟོན་སྟངས་ཀྱིས་སྤྱི་འཐུས་ཡོངས་ལ་མིང་འཆལ་བཟོས་ཡོད་ལ། དམངས་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཆེ་མཐོང་ཡང་བརླགས་ཡོད། གནད་དོན་དེའི་དབང་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དང་གཉིས་པའི་སྐབས་སུ་ཡང་ཚོགས་ཆུང་ཁག་མང་པོ་ཞིག་ཏུ་སྤྱི་འཐུས་ཀྱི་ལས་ཡུན་ལ་ཚད་བཀག་བཟོ་དགོས་པའི་དགོངས་འཆར་བཏོན་ཡོད།

    སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་འདི་ནི་བཙན་བྱོལ་བོད་མིའི་དམངས་གཙོ་དབུ་བརྙེས་ཏེ་བགྲང་བྱ་ལྔ་བཅུ་འཁོར་བའི་གནད་འགག་གི་དུས་རིམ་ཞིག་ཏུ་བསླེབས་ཡོད་ལ། ༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་དབུ་ཁྲིད་དག་ལ་བགོ་བཤའ་བརྒྱབ་པའི་ཐོབ་ཤོར་གྱི་དཀྱོགས་མཚམས་ཤིག་འཁེལ་ཡོད། གལ་སྲིད་བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་དང་། མི་དམངས་བྱིངས་ཀྱི་ཆབ་སྲིད་བསམ་བློའི་གནས་ཚད་ལ་བསྐྱར་ཞིབ་ཅིག་བྱ་དགོས་ཚེ། སྐབས་བཅོ་ལྔ་བའི་གྲོས་ཚོགས་འཐུས་མི་རེ་རེ་ཡི་ནང་བསམ་བློའི་གནས་ཚད་དང་ཕྱིའི་ཀུན་སྤྱོད་འཁྱེར་ཕྱོགས་ལ་བལྟ་དགོས་ཤིང་། འདིས་འདས་པའི་ལོ་རྒན་ལྔ་བཅུའི་བཙན་བྱོལ་བོད་མིའི་དམངས་གཙོའི་སྤུས་ཚད་ལ་སྡོམ་ཚིག་འགོད་ཐུབ་ལ། འབྱུང་འགྱུར་བགྲང་བྱ་ལྔ་ཡི་གྲོས་ཚོགས་ལ་གདེང་འཇོག་ཇི་ལྟར་བྱ་དགོས་ཀྱང་རྟོགས་ནུས།  

            ད་ཆར་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་མགོ་ཚུགས་ཡོད་ལ། ཉེ་ཆར་སྐབས་བཅོ་ལྔ་བའི་བདམས་ཐོན་སྤྱི་འཐུས་རྣམ་པ་རེ་རེ་བཞིན་ཚོགས་གཙོའི་ལས་ཚབ་ཀྱི་མདུན་སར་མགོ་བོ་དུད་དེ་འདི་ལྟར་དམ་འབུལ་ཞུས་ཡོད།བདག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིནཞེས་དམ་བཅས་སོང་། མནའ་བསྐྱལ་སོང་། མི་སྐྲག་ས་མནའ་ཡིན། ཁྱི་སྐྲག་ས་ལྕགས་ཡིན། ཞེས་པའི་བོད་པའི་ཁ་རྒྱུན་ལྟར། སྤྱི་བའི་སྐུ་ཚབ་རྣམ་པས་བཅའ་ཁྲིམས་རིན་པོ་ཆེའི་འབྲུ་དོན་ལ་བརྩི་དགོས། མཆོག་གསུམ་དཔང་བཙུགས་ཀྱི་མནའ་ཚིག་ལ་གནས་དགོས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply