ཆབ་སྲིད་པའི་སྙན་ངག

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༤ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱལ་བའི་འཁྲུངས་སྐར་སྲུང་གཙི་ནི་ང་ཚོ་ལ་དུས་ཆེན་ཞིག་ཡིན།  ལྷག་པར་ད་ལོའི་འཁྲུངས་སྐར་ནི་༧སྐུའི་བླ་གཟའ་སྟེ་རེས་གཟའ་ལྷག་པའི་ཉིན་ལ་འཁེལ་ཡོད། འཁར་རྒྱུགས་ལ་བརྟེན་པའི་རྒན་རྒོན་རྣམས་ཀྱང་འཁྱོར་འགྲོས་ཀྱིས་གཙུག་ལག་ཁང་དུ་བསྐྱོད། དེང་རབས་ཅན་གྱི་གྱོན་གོས་དང་སྲོལ་རྒྱུན་གྱི་གྱོན་གོས་མནབས་པའི་མི་ཚོགས་དང་། གསུང་བཤད་དང་གཞས་སྣ་འཁྲབ་སྟོན་སོགས་མིག་དབང་མོག་མོག་པོར་བྱེད་པའི་མཛད་སྒོ་དེ་ནི་གཙུག་ལག་ཁང་དུ་འཛོམས། དེ་ནི་ང་ཚོའི་དུས་ཆེན་ཡིན།

    ང་ཚོ་དགའ་འོས་པ་ནི་༸སྐྱབས་མགོན་ཆེན་པོ་ད་ལྟ་ང་ཚོའི་མགོན་སྐྱབས་སུ་བཞུགས་བཞིན་པ་དེ་ཡིན། ཞལ་གྱི་འཛུམ་རིས་དེ་ཨ་མི་རི་ཁའི་རྒྱལ་ས་ན་འཛུམ་བཞིན་ཡོད། འོན་ཀྱང་ང་ཚོའི་དགའ་བ་ནི་གནས་སྐབས་ཀྱི་དགའ་བ་ཞིག་ཡིན། ང་ཚོའི་དགའ་སྟོན་གྲོལ་མ་ཐག་ཏུ་དང་ང་ཚོའི་གླུ་གར་རྩེད་འཇོའི་ཁྲོད། ད་དུང་ང་ཚོའི་སྙན་ངག་གྱེར་འདོན་དང་ང་ཚོའི་༧རྒྱལ་བའི་མཛད་རྣམ་བགྲོ་གླེང་བཅས་ཀྱི་ཟང་ཟིང་དེའི་དཀྱིལ་ན་སླར་ཡང་ང་ཚོར་འགྲམ་ལྕག་གཞུ་མཁན་ཉག་གཅིག་ཡོད་པ་ནི་ང་ཚོ་སུ་ཡིན་པ་སྟོན་པའི་ངོ་སྤྲོད་ཀྱི་ཚིག་འབྲུ་དེ་དག་ཡིན།

    ང་ཚོའི་ངོ་སྤྲོད་ཀྱི་ཚིག་འབྲུ་དེ་དག་ནི། དགའ་བའི་གླུ་དབྱངས་དང་། སྐྱོ་བའི་འོ་དོད་གཉིས་གཅིག་ཏུ་འདྲེས་པའི་སྙན་ངག་ཅིག་ཡིན་ལ། སྙན་ངག་དེ་དག་ནི་གྱེར་ཡུན་རིང་བ་དང་གྱེར་ཐེངས་མང་བའི་རྐྱེན་གྱིས་ང་ཚོའི་སེམས་ལ་ཟུག་དཀའ་བར་གྱུར། ང་ཚོའི་སེམས་དེ་རྡོ་ཡིན་ནམ་ཡང་ན་ང་ཚོའི་སྙན་ངག་དེ་རྟུལ་པོ་ཡིན། འོན་ཀྱང་ང་ཚོ་ལ་ཉན་བཞིན་ཉན་བཞིན་སྙིང་ཁ་ལ་འཕག་འཚག་སྤྲོད་པའི་ཚིག་འབྲུ་མེད་པ་མིན། དཔེར་ན།༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་བ་ཡིན་ན་འགྲིག་གི་མ་རེད།  བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་བླ་སྲོག་ཡིན། ང་ཚོ་ཚང་མ་ཉག་ཕྲ་བའི་དུས་ཚོད་འདི་འདྲ་ལ་བོད་ཀྱི་རྩ་དོན་ཆེད་དང་བོད་ཀྱི་མ་འོངས་པའི་ཆེད་རྡོག་རྩ་གཅིག་སྒྲིལ་བྱེད་དགོས།  ཚིག་འབྲུ་འདི་འདྲ་ནི་བཙན་བྱོལ་བའི་སྤྱི་ཚོགས་འདིའི་ངག་ལ་རྒྱུན་འབྱམས་སུ་གྱུར་ཡོད་ལ། དེ་དག་གིས་ང་ཚོ་དགའ་སྡུག་གི་ཚོར་བའི་ཐང་ཆེན་པོ་ཞིག་ཏུ་ནར་གྱིས་འདྲུད།  འོན་ཀྱང་འདི་དག་ནི་ད་ལྟའི་ཆབ་སྲིད་ཀྱི་སྙན་ངག་ཅིག་རེད་ལ། ཆབ་སྲིད་པའི་སྙན་ངག་ཅིག་ཀྱང་རེད།

    ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་ཞེས་པའི་ཚིག་ལྕི་མོ་འདི་ཐེག་མཁན་གྱི་བོད་རིགས་ཤིག་ཡོད་དཀའ་བ་རེད། དེར་བརྟེན།༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་བ་ཡིན་ན་འགྲིག་གི་མ་རེད།ཅེས་པའི་ཚིག་འདི་ནི་ང་ཚོ་སུ་ཡིན་ཡང་གྱེར་ཆོག་པ་ཞིག་རེད། འོན་ཀྱང་། ཚིག་འདི་ལ་འགྲེལ་བཤད་ཅིག་བྱས་པ་ཡིན་ན། དེ་ནི་བྱེ་བྲག་མེད་པའི་ཚིག་སྤྱི་ལྡོག་མ་ཞིག་ཡིན། དེ་ནི་ཕལ་ཆེར་ནང་དོན་ཅི་ཡང་མེད་པའི་ཚིག་འབྲུ་ཞིག་ཀྱང་རེད། ༧རྒྱལ་བ་རིན་པོ་ཆེས་བོད་ཀྱི་གཞོན་སྐྱེས་ཚོས་ནང་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་ཞེས་པའི་བཀའ་སློབ་གནང་བ་ལྟ་བུ་ཞིག་ཡིན་ན། དེའི་དགོངས་པ་ནི་ཚིག་གི་ངོ་གདོང་ན་གང་ཡོད་པ་དེ་ཡིན་ལ། ང་ཚོས་རང་རང་གི་གདོང་ལ་མཛུབ་མོ་བཙུགས་ནས་བཀའི་དགོངས་པ་སྒྲུབ་ན་དེའི་སྒྲུབ་ལུགས་ཤིག་ཀྱང་སེམས་ངོར་ཤར་ཐུབ།  ཡང་། ༸རྒྱལ་བ་རིན་པོ་ཆེས་དམངས་གཙོའི་ཐོབ་ཐང་དང་འོས་འགན་རྣམས་ཚུལ་བཞིན་ལག་བསྟར་བྱེད་དགོས་ཞེས་པའི་བཀའ་སློབ་ལྟ་བུ་ཞིག་ལ་མཚོན་ན། བཀའ་དགོངས་དེ་དག་སྒྲུབ་ཕྱོགས་ཤིག་ང་ཚོའི་སེམས་ལ་ཤར་ཐུབ་པ་ཡིན།

            དེ་ལྟར་མ་ཡིན་ཚེ། དཔེར་ན།༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་ན་འགྲིག་གི་མ་རེད།ཅེས་པ་དང་། ཡང་ན།༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་འགལ་དགོས་པ་རེད།ཅེས་སོགས་དགག་སྒྲུབ་ཀྱི་ཕྱོགས་གང་ཡིན་ཡང་། དེ་དག་ནི། ཁ་སྙན་པོའི་ཆབ་སྲིད་ཀྱི་སྙན་ངག་ཅིག་རེད་ལ། ནང་དོན་ཅི་ཡང་མེད་པར་བོད་མིའི་སེམས་ལ་ཕོག་ཐུག་དང་དགའ་སྡུག་གི་ཚོར་བ་སྐྱེན་པོ་འགྱེད་བྱད་ཀྱི་སྙན་ངག་ཅིག་ཏུའང་འཁུམས་སོ༎

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply