མཚན་གནས་རྗེས་འབྲེལ་གྱི་ཉེས་རྡུང།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༧ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་འདི་འགར་བཙན་བྱོལ་སྤྱི་ཚོགས་ནང་ཡ་མཚན་ཅན་གྱི་གནས་ཚུལ་བཟང་ངན་མང་པོ་ཞིག་འབྱུང་བཞིན་འདུག བཞུགས་སྒར་ངྷ་རམ་ས་ལར་བཀའ་ཁྲི་གསར་པ་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཏེ། ༧གོང་ས་མཆོག་གིས་དབུས་བའི་བཀའ་ཁྲི་གསར་རྙིང་གཉིས་ཀྱིས་བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུར་སྡོམ་ཚིག་བཀོད་ཅིང་མ་འོངས་ལས་དོན་བྱེད་ཕྱོགས་ལ་འཕེན་པ་གཏོང་བཞིན་ཡོད། བོད་པའི་ལོ་རྒྱུས་ཐོག་གི་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་འགན་དབང་ཡོངས་རྫོགས་ཕྱིར་བསྡུ་དང་། ༧གོང་ས་བཅུ་བཞི་ཆེན་པོས་བགྲེས་ཡོལ་གནང་སྟེཡུན་རིང་སྙིང་ལ་བརྣག་པའི་འདོད་དོན་དེ་རིང་དངོས་སུ་འགྲུབ་སོང་། ང་རང་ལོ་ ༡༦ ནས་ ༧༦ བར་གྱི་དུས་ཚོད་ཛ་དྲག་གཉན་འཕྲང་སྐབས་ངས་བོད་པའི་ཆོས་སྲིད་གཉིས་ཀ་འཛམ་གླིང་ཐོག་ནས་ནག་གསུབ་མ་ཐེབས་པ་ཞིག་བྱུང་ཡོདཅེས་ཐུགས་སྤོབས་གཟེངས་སུ་བཏེགས་ཏེ་གསུངས།

    གནས་ཚུལ་ཉེས་པ་ཞིག་ལ་བོད་ནས་གསར་དུ་འབྱོར་ཏེ་ལོ་ཕྱེད་ལས་འགོར་མེད་པའི་སུ་ཇཱ་སློབ་གྲྭ་གོ་སྐབས་འཛིན་གྲྭའི་སློབ་མ་ཞིག་རྐྱེན་འདས་སུ་སོང་བ་འདི་རེད། གོ་ཐོས་སུ་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ཡོངས་རྫོགས་གཅིག་གྱུར་ཐོག་དགེ་རྒན་དང་འཛིན་སྐྱོང་ལས་བྱེད་སུ་གང་གིས་ཀྱང་སློབ་མར་ཚེ་སྲོག་གི་ཉེན་ཁ་ཡོད་པའི་རྡུང་རྡེག་ཕར་ཟད། ཐ་ན་ལག་པ་ཙམ་ཡང་བརྐྱང་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་རབས་བཤད། སྒྲིག་སྲོལ་འདི་ནི་དུས་དང་མཐུན་པའི་གོམ་སྟབས་ཤིག་དང་། བོད་ནས་ཕེབས་པའི་སློབ་ཕྲུག་དག་ལ་བག་ཆགས་ཡག་པོ་འཇོག་སྟངས་ཤིག་ཡིན་མོད། གོང་རིམ་ནས་སློབ་ཕྲུག་ལ་ཉེས་རྡུང་གཏོང་མི་ཆོག་པའི་བཀའ་རྒྱ་དེ་འབྱོར་མ་ཐག མཚན་གནས་རྗེས་འབྲེལ་གྱི་ཉེས་རྡུང་དེ་སློབ་གྲྭའི་སྤྱི་བའི་རྒན་བདག་དང་། ཁང་ཚན་རྒན་བདག འཛིན་གྲྭ་དང་ཉལ་ཁང་རྒན་བདག་བཅས་ལ་རྒྱུད་མ་ཆད་རྒྱ་མ་ཞིག་པར་རྩིས་སྤྲོད་ཀྱིས་རྒྱུན་འཛིན་བྱས། 

    སློབ་གྲྭ་གང་ཞིག་ཡིན་རུང་སྒྲིག་ཁྲིམས་རེ་ཡོད་ལ། སྒྲིག་གཞི་ལག་བསྟར་བྱེད་སྟངས་ཀྱང་ཞི་དྲག་གི་ཐབས་ལམ་སྣ་ཚོགས་ཤིག་ཡོད། དགེ་རྒན་དང་སློབ་མའི་བར་དུ་ཁ་ཤོར་ལག་ཤོར་གྱི་གནད་དོན་རེ་ཟུང་འབྱུང་སྲིད་ལ། ལྷག་པར་དགེ་རྒན་གྱིས་སློབ་མར་ལག་ཐལ་བའི་གནས་ཚུལ་རེ་ཟུང་འབྱུང་བའང་རྒྱུན་ལྡན་ཡིན་མོད། སློབ་གྲྭ་འདིར་སྔར་ཡང་རྒན་བདག་དང་སློབ་ཕྲུག་བར་གནས་ཚུལ་རེ་ཟུང་བྱུང་ཡོད་ལ། རྒན་བདག་གིས་སློབ་མར་མནར་གཅོད་གཏོང་རྒྱུ་མང་དྲགས་པའི་ན་ཟུག་མ་བཟོད་པར་སློབ་མས་རྒན་བདག་ལ་གྲི་བཙུགས་པའི་གནས་ཚུལ་ཡང་བྱུང་ཡོད། ཕ་མའི་བུ་ཕྲུག་ལ་ཉེས་རྡུང་གཏོང་བ་ཁྲིམས་འགལ་དང་དགེ་རྒན་གྱིས་སློབ་མར་ཉེས་རྡུང་གཏོང་བའང་སྒྲིག་འགལ་ཆགས་བཞིན་པའི་སྐབས་འདིར། སློབ་ཕྲུག་ནང་ཁུལ་ནས་བསྐོ་བཞག་བྱས་པའི་ཁང་ཚན་རྒན་བདག་ཅིག་ལ་སློབ་གྲོགས་ཚོར་གཅར་རྡུང་གི་འགན་དབང་སྤྲད་དེ། ཐབས་མཁས་པོས་སྔར་བཞིན་སྒྲིག་ཁྲིམས་དེ་བླ་ན་མེད་པ་དང་གོང་ན་མེད་པར་བརྩི་སྲུང་བྱེད་བཅུག་ཡོད།

    ཐེངས་འདིའི་དོན་རྐྱེན་འདི་རྒན་བདག་གིས་ཉེས་རྡུང་བཏང་བ་ཁོ་ནས་སློབ་ཕྲུག་གྲོངས་མིན་ཇི་ལྟར་ཡང་། སྒྲིག་གཞི་གཙོར་བཟུང་གིས་རྒན་བདག་དང་སློབ་མའི་བར་རྩོད་རྙོག་བྱུང་བའི་མཇུག་འབྲས་ཡིན་པ་ཁས་ལེན་དགོས་ལ། ཡ་ང་བའི་གནས་ཚུལ་འདི་སུ་ཇཱ་སློབ་གཅིག་པུ་མིན་པར་བཙན་བྱོལ་བོད་མིའི་སློབ་གྲྭ་གཞན་དུའང་གནས་མུས་ཡིན་པ་ངོས་ལེན་བྱ་དགོས། དུས་རྒྱུན་སློབ་གྲྭ་ཁག་ཏུ་ནོར་འཁྲུལ་དང་འཐུས་ཤོར་གང་འདྲ་ཞིག་བྱུང་ཡང་། རྗེས་སུ་ནག་ཉེས་ཡོངས་རྫོགས་བགོ་བཤའ་རྒྱག་པའི་ལམ་སྲོལ་ཞིག་རྒྱུན་འཇགས་སུ་སོང་ཡོད་ལ། ཐེངས་འདིར་ཡང་རྒན་བདག་གཉིས་ལ་ག་གེ་མོ་དང་ཆེ་གེ་མོའི་ཉེས་ཆད་བཏང་ཡོད་པ་སྨོས་མ་དགོས་མོད། རྒན་བདག་ལས་ཀྱང་ཉེས་ཚབས་ཆེ་བའི་སྒང་ནས་སྡོད་མཁན་དག་ལ་ནག་ཉེས་གང་ཞིག་འབབ་པ་དང་། ཉེས་ཆད་ཇི་ལྟར་གཅོད་དགོས་སམ།


བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply