དབུམ་དང་རང་བཙན་གྱི་ར་མདའ།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༢༩ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ནང་དུ་རྒྱལ་གཅེས་དཔའ་བོ་རེ་རེ་བཞིན་རང་ལུས་མེ་རུ་སྒྲོན་སྐབས། རྒྱ་ནག་གི་མེ་མདའ་དང་ལྕགས་སྒྲོག་གི་སོ་བར་ནས་རང་དབང་གི་འབོད་སྒྲ་སྒྲོག་སྐབས། བཙོན་མུན་ནས་ཉིན་ཞག་དང་ལོ་ཟླ་བསྐྱལ་ཏེ་ནད་གཅོང་གིས་ཚེ་སྲོག་ཤོར་སྐབས། བཙན་བྱོལ་སྤྱི་ཚོགས་ནང་ཆེས་ཐོག་མའི་གླེང་གཞི་ཞིག་ནི། འདས་པོ་ཁོང་ཆོལ་ཁ་གང་ནས་ཡིན་པ་དང་ཆོས་བརྒྱུད་གང་དུ་གཏོགས་མིན་གྱི་བརྩད་གཅོད་བྱེད་ཅིང་། དེ་ལས་ཀྱང་ཉེན་ཚབས་ཆེ་བ་ནི། ངྷ་རམ་ས་ལའི་ཆབ་སྲིད་པ་དང་སྐབས་འཚོལ་པ་ཚོས་རང་བཙན་དང་རང་སྐྱོང་གི་ར་མདར་བརྒྱུགས་ཏེ། འདས་པོའི་འབོད་ཚིག་གི་རྗེས་འདེད་བྱེད་པའི་ལམ་སྲོལ་ཞིག་འཇགས་ཡོད། 

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་རེ་རེའི་ནང་། སྤྱི་འཐུས་རེ་ཟུང་གིས་ཧ་ཅང་རྒྱུས་མངའ་ཡོད་མདོག་གིས་བོད་ནང་ཚེ་སྲོག་ཤོར་བ་ཡོད་ཚད་རང་བཙན་ཆེད་ཡིན་རབས་བཤད་དེ། ངོ་རྒོལ་སྐད་འབོད་ཀྱི་ཚིག་དོན་ཡོངས་རྫོགས་རང་བཙན་གཙང་མ་ཡིན་ཚུལ་སྒྲུབ་ཅིང་། སྤྱི་འཐུས་རེ་ཟུང་གིས་གཞིས་ལུས་རྒྱ་ཆེའི་མི་མང་༧གོང་ས་མཆོག་ལ་དད་གུས་ཆེ་རབས་བརྗོད་དེ། བྱ་བྱེད་ཐ་དག་གི་དམིགས་ཡུལ་རྒྱག་གཅིག་མཆོངས་གཅིག་གིས་དབུ་མའི་ལམ་ཡིན་ལུགས་སྒྲུབ། འདི་དག་ཀྱང་བོད་པའི་རྩ་དོན་ལ་སེམས་ཁྲལ་ཆེ་ནས་འཐབ་རྩོད་ལ་འགན་ལེན་ཚུལ་ཞིག་མིན་པར། རང་གི་མངོན་འདོད་སྒྲུབ་ཐབས་ལ་རྔམ་དྲགས་ཏེ་གྲོས་ཚོགས་ནས་མགོ་རྩོམ་སྟངས་ཤིག་ཡིན།

    གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་འགའ་རེ་དང་རང་བཙན་གྱི་ལྟ་བ་འཛིན་མཁན་མི་སྒེར་རེ་གཉིས་ཀྱིས་བཏོན་པའི་ཡིག་ཆ་དང་ཚགས་དེབ་འགའ་རེའི་ནང་། བོད་ནང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོསཞེས་སྐད་འབོད་གནང་ཡོད་ཀྱང་། འབོད་ཚིག་ལ་ཚོན་རྩི་བྱུགས་ཏེ་བོད་རང་བཙན་ཡིནཞེས་བཀོད་འདུག་ལ། གཞུང་འབྲེལ་ཡིག་ཆ་རེ་འགའ་དང་། དབུ་མའི་ལམ་ལ་གློ་སྙིང་མཆིན་གསུམ་གཏོད་མཁན་རེ་ཟུང་གིས་ཀྱང་ཡིག་ངག་གཉིས་ཐོག་ནསབོད་རང་བཙནཞེས་པའི་འབོད་ཚིག་ཡོངས་རྫོགས་ལ་ནག་གསུབ་གཏོང་ཐབས་བྱས་འདུག

བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་རེ་ཟུང་ནང་རང་བཙན་གྱི་གླུ་གཞས་བཏང་ན། སློབ་གྲྭས་སྒྲིག་འགལ་དུ་བརྩིས་ཏེ་ཕྱིར་ཕུད་གཏོང་ཉེན་ཡོད་ཚུལ་ཐོས་ལ། བྷིང་ལོར་དང་ལྡི་ལིའི་མཐོ་སློབ་ཁག་འགའ་རེའི་ནང་རང་བཙན་གྱི་ལྟ་བ་མེད་ན། བོད་དོན་ལས་འགུལ་ནང་ཚུད་དཀའ་ཞིང་བོད་རིགས་སློབ་ཕྲུག་གྲས་ནས་ཀྱང་ཕུད་གྲབས་ཡོད་རབས་གོ འདི་དག་ནི་ཆབ་ལྟ་གྲུབ་ཀྱི་བཙན་འཛུལ་དང་བྱིས་པའི་ལུས་སེམས་འཚར་ལོངས་དམར་གསོད་གཏོང་མཁན་གྱི་ལག་དམར་བ་ཡིན་ལ། རིག་ཚད་ཐོས་ཚད་ལེབ་ལེབ་དང་རྡུམ་རྡུམ་བཟོ་མཁན་སྒེར་གཅོད་པའི་ངན་རེངས་ཀྱི་གཤིས་སྤྱོད་ཅིག་ཀྱང་ཡིན།  

    བོད་ནང་རང་བཙན་གྱི་ལྟ་གྲུབ་འཁྱེར་མཁན་ཡོད་ཆོག་ལ། རང་སྲིད་རང་སྐྱོང་གི་འདོད་འདུན་ཡོད་མཁན་ཡང་ཡོད་ཆོག རྒྱ་མིར་དགའ་ཡང་རང་བཙན་རྩོད་མཁན་ཡོད་སྲིད་ལ། དབུ་མར་མོས་ཀྱང་༧གོང་ས་མཆོག་ལ་དད་འདུན་མེད་མཁན་ཡང་ཡོང་སྲིད། བོད་ནང་དུ་ཅི་ཡང་ཡོད་ཆོག་ལ་གང་ཡང་ཡོང་སྲིད་པས། བཙན་བྱོལ་སྤྱི་ཚོགས་ནང་གི་ནད་རྙིང་ངན་གོམས་ཀྱི་གཤིས་སྤྱོད་འདི་བོད་ནང་དུ་མི་སྤེལ་ན་བཟང་ལ། བོད་ནང་གི་ལྷད་མེད་དྭངས་གཙང་གི་གཤིས་ལུགས་དང་། དཔའ་མཛངས་རྟུལ་ཕོད་ཀྱི་ཞབས་རྗེས་དེར་བཙན་བྱོལ་སྤྱི་ཚོགས་ནས་ཁ་བསྒྱུར་མ་གནང་ན་ལེགས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply