༸གོང་ས་མཆོག་གི་ཡང་སྲིད་དང་ཉིས་སྟོང་ཉེར་གཅིག

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༣༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

གོང་ས་མཆོག་གིས་ལོ་བཅུ་རེ་བཅུ་རེ་མཚམས་སུ་ཐུགས་ཐག་ཆོད་པོས་ཐག་གཅོད་རེ་གནང་སྟེ། དེ་རིང་གི་ཉི་མ་འདིར་བསླེབས་པ་རེད། འདི་ཚང་མའི་སེམས་ན་གསལ་བོ་ཡིན། ༡༩༩༡ ལོར་བཅའ་ཁྲིམས་ཟིན་བྲིས་བཏབས་པ་རེད། ༢༠༠༡ ལོར་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པ་རེད། ༢༠༡༡ ལོར་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་སུ་མཚམས་འཇོག་གནང་བ་རེད། འཕོ་འགྱུར་ཆེན་པོ་འདི་དག་གིས་མི་ཚང་མ་ཧད་དེ་ད་ནི་ཡོད་ཚད་རྫོགས་དྲན་གྱི་ཡོད་སྲིད་ཀྱང་། ད་དུང་མང་པོ་མང་པོ་ཞིག་ལྷག་ཡོད་ལ། ལྷག་ཡོད་པ་དག་ཀྱང་ལོ་རྒན་ལྔ་བཅུའི་བཙན་བྱོལ་གྱི་རེ་བ་མངོན་འགྱུར་བྱ་ཐུབ་མིན་དང་། ཏཱ་ལའི་བླ་མའི་ཡང་སྲིད་བོད་མི་རིགས་ལ་དབང་མིན་འདི་རེད།

    ཕྱི་ནང་གི་གསར་འགོད་པའི་དྲི་བའི་བཀའ་ལན་དང་ཆོས་ལུགས་ཆོགས་ཆེན་སྟེང་བསྩལ་བའི་བཀའ་ཡིག་སོགས་སུ། རྒྱལ་བའི་ཡང་སྲིད་སྐོར་གྱི་ཐག་གཅོད་ད་དུང་སྔ་དྲགས་པའི་སྣང་ཚུལ་མཛད་ཡོད་ལ། ཉུང་མཐར་ཡང་རྒྱལ་དབང་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ཀྱི་ལོ་ཚོད་དུ་བསླེབ་སྐབས། གཞི་ནས་ནང་པའི་བླ་ཆེན་རྣམས་དང་བོད་རིགས་མི་མང་། གཞན་ཁོང་ལ་དད་པ་དག་སྣང་ཡོད་རིགས་ཡོངས་ལ་བློ་འདྲི་གྲོས་བསྡུར་བྱས་ཏེ། ཐོག་མར་རྒྱལ་དབང་སྐུ་ཕྲེང་གི་རྒྱུན་མཐུད་དགོས་མིན་ཐག་གཅོད་གནང་རྒྱུ་དང་། གལ་སྲིད་རྒྱུན་མཐུད་དགོས་ན་དེིའི་བྱེད་སྒོ་རྣམ་བཞག་གི་ལས་དོན་ཆ་ཚང་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་གིས་ཐག་གཅོད་བྱ་རྒྱུ་ལས། འགན་དབང་འདི་གཞན་སུ་ལ་ཡང་མེད་པའི་ཐ་ཚིག་བསྒྲགས་ཡོད།

    ༸གོང་ས་མཆོག་གིས་དྲུག་ཅུ་རེ་གྲངས་ནས་མགོ་བཙུགས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མི་མང་ལ་ཚོད་བགམ་དང་དྲི་བ་མང་པོ་གནང་ཡོད། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མུ་མཐུད་གནས་དགོས་མིན་དང་། ཏཱ་ལའི་བླ་མའི་དབུ་ཁྲིད་འདི་དམངས་གཙོའི་ལམ་སྲོལ་དང་མཐུན་མིན། བྱེ་བྲག་བོད་མི་མང་ལ་ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན། གལ་སྲིད་དགོས་ན་ཇི་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ཚུལ་སོགས་ཀྱི་ཚ་འདྲི་ཡང་ཡང་བཏོན་ཡོད། རྒྱལ་བའི་ཡང་སྲིད་སྐོར་གྱི་ལས་དོན་མཐའ་དག་ཀྱང་། གཅིག་བྱས་ན་ཕྱི་ལོ་ ༢༠༢༡ དང་ ༢༠༣༡ བཅས་མ་འོངས་པའི་ལོ་བཅུ་ཕྲག་རེ་འགའི་ཐུགས་ཀྱི་འཕེན་པ་ཡིན་ངེས་ལ། ཆབ་སྲིད་ཐུགས་འགན་ཡོད་མེད་ལ་མ་ལྟོས་པར་རྩ་དོན་འཐབ་རྩོད་ཀྱི་ཞལ་ཆེམས་མཐའ་མ་ཞིག་ཀྱང་ཡོད་སྲིད།  

            ལོ་ངོ་བཅུ་ཕྲག་འགའི་གོང་ནས་༧གོང་ས་མཆོག་གིས་ཁོང་གི་ཡང་སྲིད་སྐོར་ལ་བོད་པའི་སྲོལ་རྒྱུན་ལམ་ལུགས་དང་ཡེ་ཤུ་བླ་ཆེན། མ་འདས་སྤྲུལ་སྐུ་བཅས་གདམ་ག་གསུམ་གསུངས་ཡོད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་རྒྱུན་སྐྱོང་དང་བོད་པའི་རིག་གཞུང་གི་ལམ་སྲོལ་རྒྱུན་འཛིན་ལ་ཁ་གཡར་ཏེ་གསེར་བུམ་དཀྲུགས་འདོན་ལ་རེ་སྒུག་བྱས་ཡོད་ཀྱང་། ཐེངས་འདིར་༧གོང་ས་མཆོག་གིས་དམིགས་སུ་བཀར་ཏེ།སྤྱིར་ཡང་སྲིད་ཅེས་པ་གོང་མ་འདས་པའི་རྗེས་སུ་དེ་ཉིད་སླར་མིའི་ལུས་སུ་སྐྱེ་བ་ཞིག་དགོས་སྟབས་སོ་སྐྱེ་ཞིག་ལ་མ་འདས་སྤྲུལ་སྐུ་ཡོང་ཐབས་མེད་ཀྱང༌། སར་གནས་ཀྱི་འཕགས་པ་དུས་གཅིག་ཏུ་ལུས་བརྒྱ་སྟོང་དུ་མར་སྤྲུལ་བསྒྱུར་ནུས་པ་རྣམས་ལ་མ་འདས་སྤྲུལ་སྐུ་ངེས་པར་ཡོང་ཆོགཅེས་མ་འདས་སྤྲུལ་སྐུའི་ལམ་ཁ་བདམས་ཡོད་ལ་ཉིས་སྟོང་ཉེར་གཅིག་གི་ལས་འཆར་ཡང་བསྒྲིགས་ཚར་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply