གོ་སྐབས་དང་བོད་དོན་ལས་འགུལ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༣༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ནང་གི་བོད་མིའི་སྙིང་སྟོབས་མེ་ལྕེ་བཞིན་མཆེད་ཅིང་ཁོང་ཁྲོ་སྤྲིན་ནག་བཞིན་འཁྲིག་སྟེ། འདས་པའི་ཟླ་ངོ་བདུན་ནང་ཚུད་དུ་སྐྱ་སེར་དགུ་ཡི་སྐུ་ལུས་མཆོད་མེར་བསྒྲོན་ཏེ་ཚེ་སྲོག་གིས་བདེན་དོན་བརྩད། བྱེས་འཁོད་བོད་མི་ཚོས་ཀྱང་གསན་པ་རྣ་བའི་མ་བཟོད། སྡོད་པ་སེམས་ཀྱི་མ་ཚུགས་པར་བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་སྟེ་གཞིས་སྲུང་སྤུན་ཟླར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་མགོ་འཛུགས་གནང་ཞིང་། སྡུག་གི་འཁུར་བོ་མཉམ་འཁུར་དང་སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་གྱི་དམ་བཅའ་བཞེས་ཡོད། རྒྱལ་སྤྱིའི་གསར་འགོད་པ་དང་རྩོམ་པ་པོ། སྲིད་དོན་ཉམས་ཞིབ་པ་དག་གི་སྨྱུག་ཁ་སླར་ཡང་བོད་ཕྱོགས་སུ་འཁོར་ཏེ། ཨམ་ཅོག་གྲུང་གྲུང་གིས་བོད་ནང་ལ་ཉན་ཞིང་། མིག་ཟུང་རིག་རིག་གིས་བཙན་བྱོལ་ལ་བལྟས་ཡོད།

    མང་ཚོགས་ཁྲོད་བོད་ནང་གི་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་དགོས་ཟེར་མཁན་དང་། ཕྱི་ཕྱོགས་ནས་གཞུང་དམངས་གཉིས་ཀྱིས་ཟང་ཟིང་བྱས་ཏེ་སྐྱ་སེར་གཉིས་ཀྱིས་ལས་འགུལ་སྤེལ་ན། བོད་ནང་ཚེ་སྲོག་མང་པོ་འཆོར་རྒྱུའི་ཉེན་ཁ་ཡོད་པ་དང་། རྒྱ་གཞུང་གི་དྲག་གནོན་སྔར་ལས་ཆེ་རུ་བཏང་སྟེ་འཇིགས་ཡེར་བའི་གནས་ཚུལ་སྣ་ཚོགས་འབྱུང་ཉེན་ཡོད་ཟེར་མཁན་ཡོད་མོད། འདི་ནི་དམར་ལབ་ལབ་མེ་ཕུང་གི་ནང་ན་འབོད་སྒྲ་སྒྲོག་བཞིན་པའི་ཚེ་སྲོག་དེ་དག་གི་རེ་བ་མིན་པར་རྒྱ་ནག་གཞུང་གི་རེ་ལྟོས་ཡིན། ཉེ་ཆར་རྒྱ་གཞུང་གི་མགྲིན་ཚབ་པས། ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་ཚོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱས་པའི་གནས་ཚུལ་དེ་དག་ལ་སྐྱོན་བརྗོད་མ་བྱས་པ་མ་ཟད། ད་དུང་དེ་རིགས་ཀྱི་གནས་ཚུལ་མང་དུ་ཡོང་ཆེད་འཛམ་གླིང་གང་སར་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད་ཅེས་བཤད་ཡོད། གོ་སྐབས་ཀྱིས་ང་ཚོར་མི་བསྒུག་པའི་ཆོས་ཉིད་དེ་ང་ཚོས་ཤེས་དགོས་ལ། ང་ཚོས་གོ་སྐབས་མི་འབོར་རྒྱུའི་གྲ་སྒྲིག་ཀྱང་ང་ཚོར་ཡོད་དགོས།

    ངས་འདི་ལྟར་བཤད་ན་ཚེ་སྲོག་ལ་འགན་མ་འཁུར་བ་དང་། འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློས་མ་ཆོད་པའི་སྐད་ཆ་རེད་ཟེར་མཁན་ཡོད་སྲིད་མོད། འདས་པའི་དུས་རབས་ཕྱེད་ལྷག་གི་བོད་པའི་རྩ་དོན་འཐབ་རྩོད་ཀྱི་ཤུལ་ལམ་རིང་མོར་ཕྱིར་མིག་བལྟས་ན། བོད་མི་འབུམ་བཅུ་གཉིས་ཀྱི་ཚེ་སྲོག་གི་གཏམ་རྒྱུད་ད་དུང་རྫོགས་མེད་ལ། ཉིས་སྟོང་བརྒྱད་ཚུན་དུ་ཡང་གཅེས་སྲོག་བདེན་པ་གླེང་མཁན་བརྒྱ་ཕྲག་ལས་བརྒལ་ཡོད། ང་ཚོ་ཕྱི་བཤོལ་ནས་ཡང་བཤོལ་བྱས་ཤིང་དམའ་ས་ནས་གཡང་སར་ཟེགས་པ་ཐེངས་གཅིག་མིན་ལ། གོ་སྐབས་དང་གནས་བབ་བགྲངས་ཏེ་ཐོབ་ཤོར་གྱི་ལོ་ཟླ་བསྐྱལ་བ་ཡང་ཉུང་ཉུང་མིན། གྱ་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོར་བོད་ནང་ཆོད་སེམས་དང་སྙིང་སྟོབས་མེ་རི་བཞིན་འབར་གྱིན་པའི་སྐབས་དག་ཏུ། བོད་ཕྱི་ལོགས་ནས་ཕྱི་བཤོལ་བྱས་ཏེ་རྒྱལ་སྤྱིའི་དོ་སྣང་བོད་ཐོག་ནས་ཡོལ་སོང་ལ། གཞིས་བཞུགས་སྤུན་ཟླའི་ལས་འགུལ་ཕམ་སོང་། 

            འཛམ་གླིང་ཐོག་འཐབ་རྩོད་བྱེད་མཁན་གྱི་རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་མི་མ་ཤི་ཁྲག་མ་བཞུར་བར་རང་གི་མངོན་འདོད་འགྲུབ་སོང་བའི་ཟིན་ཐོ་གཅིག་ཀྱང་ད་བར་བསྐྲུན་མྱོང་མེད་པ་མངོན་སུམ་ཚད་མ་ཡིན་ལ། མ་འོངས་པར་ཡང་འབྱུང་མི་སྲིད་པའི་གནས་ལུགས་ཤེས་དགོས། ལྷག་པར་དུ་དམག་འཐབ་མེད་པའི་མི་མང་གི་ལས་འགུལ་དང་། ཚེ་མེད་ཞི་བ་ཁོ་ནར་བརྟེན་པའི་འཐབ་རྩོད་ཁྲོད་དུ་ཡང་ཚེ་སྲོག་གཅིག་གི་འགྲོ་སོང་མེད་པར། བརྒྱ་ཆ་བརྒྱ་ཡི་རྒྱལ་ཁ་ཐོབ་པའི་བགྲོད་ལམ་ཞིག་ད་བར་སུ་ལ་ཡང་རག་མྱོང་མེད་ལ། དགྲ་ཁ་གཏད་བཙན་པའི་བོད་མི་ཉམས་ཆུང་དག་ལ་དེ་བས་ཀྱང་རག་ཐབས་མེད་པའི་རྗེས་དཔག་གི་གནས་ལུགས་ཟབ་མོ་ངོས་ལེན་བྱ་དགོས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply