ཆབ་སྲིད་བཙོན་པའི་གནས་སྟངས།

རྒྱ་གཞུང་གིས་སྔར་ལོ་རྔ་པ་རྫོང་དུ་འཛིན་བཟུང་བྱས་པའི་བོད་མི་གཅིག་ལ་ཁྲིམས་ཐག་བཅད་ཡོད་པ་མ་ཟད། གཞན་བོད་མི་གཉིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་གསལ་བཤད་མེད་པར་ལྷག་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཉིན་དེར་སེ་སྐྱ་མང་པོས་ཞི་རྒོལ་བྱས་ཡོད་པ་ལྟར། སྐབས་དེར་རྒྱ་ནག་གཞུང་གིས་མི་མང་པོ་འཛིན་བཟུང་བྱས་པའི་ཁྲོད་རྔ་སྲིབ་སྤྲོ་ཚིགས་ཐང་བ་མའི་བཀྲ་རྒྱལ་ཚང་གི་རང་ལོ་ ༤༢ ཡིན་པའི་སྐལ་བཟང་ངམ་མགོན་དཀར་ཞུ་བ་འཛིན་བཟུང་གིས་རྔ་བ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་པ་དང་། ཟླ་ ༩ ལྷག་རིང་གཅར་རྡུང་མནར་གཅོད་བཏང་སྟེ་གཉེན་ཉེ་སུ་ལའང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ༢༠༡༢ ལོའི་ཟླ་ ༡ ཚེས་ ༨ ཉིན་རྒྱ་ནག་གཞུང་གིས་ནང་མིར་བརྡ་ལན་ཅི་ཡང་མེད་པར་གསང་བའི་སྒོ་ནས་ཁོང་ལ་ལོ་ ༣ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། སི་ཁྲོན་མེན་ཡཱང་ཞེས་པའི་ས་གནས་ཀྱི་བཙོན་ཁང་དུ་ཁྲིད་ཡོད་འདུག ཁོང་གི་ནང་མིས་བཙོན་འཇུག་བྱས་ཏེ་ཉིན་ཤས་རྗེས་སུ་མ་གཏོགས་གང་དུ་ཁྲིད་ཡོད་མེད་ཀྱི་གནས་ཚུལ་མ་ཤེས་པར་ལྷག་འདུག

དེ་བཞིནརྔ་པ་རྫོང་རོང་ཁོག་པོ་ཞང་ན་མདའ་སྡེ་བའི་འབག་ཆུང་ཚང་གི་བུ་རང་ལོ་ ༢༦ ཡིན་པ་ཁོང་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ པའི་ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། ད་ལྟའི་བར་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་པ་དང་། རྔ་པ་རྫོང་མཁར་སར་ཞང་རུ་ཆེན་གཉིས་པའི་ཀུ་ནེ་ཚང་གི་རང་ལོ་ ༢༦ ཡིན་ནཔའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་བཀྲ་ཤིས་འབོད་པ་ཁོང་ཡང་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ ནང་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་དོགས་གཞིའི་འོག་ཁྲིན་ཏུའི་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ཁྲིན་ཏུའུ་རུ་ཡོད་པའི་གནས་ཚུལ་ཙམ་ལས། གནས་སྟངས་གང་འདྲ་ཆགས་ཡོད་མེད་ཀྱི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ཆབ་སྲིད་བཙོན་པའི་གནས་སྟངས།