འཐབ་མོ་བ་ཞ་ར།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠­­­ སྟེང་གི་རྩོམ་སྒྲིག་པའི་གཏམ།

དེང་སྐབས་རྒྱ་ནག་གི་ཚོང་རྫས་རྣམས་རྒྱལ་སྤྱིའི་ཁྲོམ་རར་བསླེབས་པ་དང་། རྒྱ་ནག་གི་ངོ་གདོང་དེ་རྒྱལ་སྤྱིའི་སྡིངས་ཆའི་སྒང་མངོན་མགོ་བརྩམས་པ་ནས་བཟུང་། ཨ་རི་དང་ཡུ་རོབ་གཙོས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་དང་། ཚོགས་པ་སྒྲིག་འཛུགས་ཚང་མས་ཆེད་དུ་རྒྱ་ནག་ཉམས་ཞིབ་ཀྱི་སྡེ་ཚན་འདྲ་མིན་བཙུགས་ཏེ།  རྒྱ་ནག་གི་དཔལ་འབྱོར་དང་དམག་དོན། ཆབ་སྲིད། རྒྱ་ནག་གི་ལོ་རྒྱུས་རིག་གནས་ཀྱི་འགྱུར་འགྲོས་དང་། གཞི་རིམ་མི་མང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་ཡན་ཆད་ལ་ཞིབ་རྩིས་བརྒྱབ་སྟེ།  རྒྱ་ནག་གི་འགུལ་སྐྱོད་རེ་རེར་དོགས་སློང་དང་། རྒྱ་ནག་གི་གནད་དོན་རེ་རེར་དཔྱད་ཞིབ་བྱས་མཐར། རྒྱ་ནག་ནི་བློས་གཏོང་དཀའ་བའི་ཁེ་བཟང་འཚོལ་སའི་ཚོང་ར་ཡག་པོ་ཞིག་ཡིན་པ་ལས། བློ་སེམས་གཏོད་སའི་གྲོགས་པོ་རྣལ་མ་ཞིག་མིན་པའི་ཚོར་བ་ཇེ་སྐྱེན་དུ་འགྱུར་བཞིན་ཡོད་ལ། མི་མང་རང་བཞིན་གྱི་ངོས་ནས་ཀྱང་རྒྱ་ནག་ནི་དུས་རྒྱུན་འཚོ་བའི་ཁྲོད་དོ་སྣང་བྱ་སའི་ཞིབ་འཇུག་གི་རྒྱུ་ཆ་ལྟ་བུ་ཞིག་ཆགས་ཡོད།

    རྒྱ་དམར་ལ་གདོང་གཏུགས་ཏེ་འཐབ་རྩོད་འཛིན་མཁན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། མཐོ་རིམ་མི་སྣ་བྱེ་བྲག་པ་དང་ཉམས་ཞིབ་པར་འབོད་པ་རེ་ཟུང་ཞིག་མ་གཏོགས།  མི་མང་སྤྱི་ཡོངས་ཀྱི་ངོས་ནས་རྒྱ་ནག་ནི་སྔར་བཞིན་རི་བོའི་ལྟག་རྒྱབ་ཀྱི་མོག་མོག་དེ་ཡིན།  ཐ་ན། གྲོས་ཚོགས་ར་བའི་ནང་གྲོས་ལ་དབང་བའི་མི་མང་འཐུས་མི་ཚོས་རྒྱ་དམར་གཞུང་གི་བྱས་ཉེས་ཐེར་འདོན་བྱེད་སྐབས་ཀྱང་། ལོ་ངོ་དུ་མའི་ཡར་སྔོན་གྱི་ཁ་རྡུང་སྐམ་པོ་དེ་དག་སྐྱུག་ལྡད་བྱེད་རྒྱུ་མ་གཏོགས། རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་ཆབ་སྲིད་ཀྱི་དབང་སྒྱུར་དང་། དཔལ་འབྱོར་གྱི་དབང་སྒྱུར། རིག་གཞུང་གི་དབང་སྒྱུར། མི་གྲངས་ཀྱི་དབང་སྒྱུར་རེ་རེ་བཞིན་དབྱེ་ཞིབ་བྱས་ཏེ། ལོ་སྔ་ཕྱི་ཕན་ཚུན་གཤིབ་བསྡུར་གྱི་ཐོག་ནས་རྩིས་བརྒྱབ་སྟེ་གྲངས་ཀར་ཕབས་པ་དང་རི་མོར་བཀོད་པའི་ལམ་ནས། རང་ཉིད་ཀྱི་མི་མང་མང་ཚོགས་ལ་སྔར་མེད་ཀྱི་གོ་རྟོགས་འབྱིན་པ་དང་། འཛམ་གླིང་མི་མང་ལ་ངེས་ཤེས་གསལ་པོ་སྐྲུན་ཐུབ་པའི་དེང་དུས་དང་མཐུན་པའི་ཐེར་འདོན་དགག་རྒྱག་སྣ་གཅིག་ཀྱང་བྱེད་ཐུབ་མེད།   

    ང་ཚོ་བཙན་བྱོལ་སྤྱི་ཚོགས་ཁྲོད། མི་མང་གི་ངོ་ཚབ་མཚོན་པའི་ཐོག་ནས་རྒྱ་དམར་གྱི་སྲིད་ཇུས་ལ་དཔྱད་ཞིབ་བྱེད་ཐུབ་མཁན་ཧ་ཅང་ཉུང་བར་བརྟེན།  ཐ་ན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་གནད་དོན་གླེང་སྐབས། ནམ་རྒྱུན་སྤྱི་འཐུས་རེ་གཉིས་ཀྱི་ངོ་གདོང་བསྐྱར་སྐོར་ཡང་སྐོར་གྱིས་མི་མངོན་ཐུ་མེད་ཆགས་ཡོད།  ལོ་ངོ་དྲུག་ཅུར་རྒྱ་ནག་གི་གདོང་ལ་བུད་དེ་འཐབ་རྩོད་བཟུང་པར་སྐད་པའི་བཙན་བྱོལ་མི་མང་ཁྲོད། ད་དུང་རྒྱ་ནག་གི་གཟིགས་རིས་ཙམ་ཡང་བརྗོད་ཐུབ་མཁན་དཀོན་པ་འདིས།  ང་ཚོའི་སོ་སོའི་འཐབ་རྩོད་ལ་བཟུང་བའི་རྣམ་འགྱུར་གྱི་ཡང་སྙིང་རྡོག་རྡོག་དེ་དམར་རྗེན་དུ་མངོན་ཡོད། 

    ད་དུང་འཇིགས་ཡེར་བའི་སྣང་ཚུལ་གཞན་ཞིག་མངོན་གྱིན་པ་ནི། སྔོན་ཆད་རྒྱ་དམར་ལ་གདོང་གཏུགས་ཏེ་ཁ་འཛིང་ལག་འཛིང་བྱེད་མྱོང་མཁན་མི་རབས་རྒན་པ་རྣམས། སྟོན་མཇུག་གི་སྡོང་ལོ་ཇི་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་རྫོགས་བཞིན་པ་དང་བསྟུན་ནས།  བོད་མི་ས་ཡ་གཅིག་གི་གཅེས་སྲོག་དམར་པོ་ཁྲག་ལ་བརྫིས་པའི་དམར་གསོད་ཆེན་པོ་དེའི་འཇིགས་རུང་གི་ཚོར་སྣང་གསོན་པོ་དག་ཀྱང་ག་ལེར་གཏམ་རྒྱུད་ཀྱི་ངོ་བོར་འཐིམ་བཞིན་ཡོད་ལ།  སྔོན་ཆད་བྱིས་པ་ཚོའི་སེམས་ལ་འཇིགས་སྐྲག་སློང་བའི་རྒྱའི་ངོ་གདོང་དམར་པོ་དེའང་། ད་ལྟ་རྒྱའི་ཚོང་རྫས་འདྲ་ཆགས་དག་དང་འགྲོགས་ནས་མིག་ལ་མཐོང་བདེ་བོ་ཞིག་དང་། སེམས་པ་འདྲིས་ཆོག་ཆོག་གི་སྣང་བ་ཡན་ཡུན་ཞིག་གིས་བཟི་བཞིན་པ་འདིས།  མི་ལོ་དྲུག་ཅུའི་བཙན་བྱོལ་བོད་མིའི་སེམས་ཁམས་ཀྱི་འགྱུར་འགྲོས་མཚོན་ཡོད་ལ།  དོན་གྱིས་ང་ཚོ་ནི་དགྲ་བོ་ངོ་རྟགས་མི་ཆོད་པའི་འཐབ་མོ་བ་ཞ་ར་ཞིག་ཡིན་པ་བསྟན་ཡོད། 

 

 

 

 

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply