རང་དབང་གི་འཇིགས་པ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ­­­ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་བའི་བདུན་ཕྲག་འདིར་བོད་ནང་དུ་བོད་མི་བདུན་གྱིས་བསྟུད་མར་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་མངོན་ལྐོག་བརྒྱུད་གསུམ་ནས་བོད་མི་རིགས་ཀྱི་ཕྱིའི་ཆོས་གོས་ཀྱི་འཁྲབ་སྟོན་རྣམ་པ་ཙམ་མ་གཏོགས། ནང་བཅུད་ཀྱི་རྣམ་ཤེས་ལྟ་བུའི་རང་རྐྱ་འཕེར་བའི་ཆོས་དང་རིག་གཞུང་མཐའ་དག་ཤུལ་མེད་བཟོ་བའི་འཆར་ལྡན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་བྱས་ཡོད། ཚེ་སྲོག་ཀྱང་ཅི་མི་སྙམ་པར་ཡལ་བར་གཏོར་བའི་ཞི་བའི་འཐབ་རྩོད་དེ་དག་གིས། མི་རིགས་ཤིག་གི་ཤ་ཁྲག་གཏོས་བཅོས་ཀྱི་ལུས་པོའི་མནར་གཅོད་ལས་ཀྱང་། མི་རིགས་གང་དེའི་བསམ་བློའི་རང་དབང་དང་རིག་གནས་ཀྱི་འདུ་ཤེས་འཁྱུར་མིད་གཏོང་བའི་མནར་གཅོད་དེ། ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་བཟོད་དཀའ་བ་ཡོད་པ་མེ་ལྕེ་དམར་པོའི་ཁྲོད་ནས་མགྲིན་པ་བསྲིང་ཏེ་བརྗོད་ཡོད། 

        ཤ་བརྒྱབ་ན་རུས་ལ་ཕོག་པའི་དཔེ་ལྟར། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས།  ཚེ་སྲོག་མེ་རུ་སྒྲོན་ཏེ་མི་རིགས་འདིར་བླ་འབོད་ཀྱི་དཔའ་སྙིང་སློང་ཐེངས་རེར། དྷ་སའི་རི་ངོགས་ནས་ཀྱང་སེམས་པར་ཚ་ཟུག་གི་ཟོལ་གྱིས་མེག་གྷན་རླངས་འཁོར་འབབ་ཚིགས་ནས་དཔའ་བོའི་རྗེས་དྲན་རྡོ་རིང་བར་མར་མེ་ཁྲོམ་སྐོར་གྱིས་གདུང་སེམས་མཉམ་སྐྱེད་གནང་གི་ཡོད།  དུས་རྒྱུན་དྷ་སའི་མར་མེ་ཁྲོར་སྐོར་ལ་མཉམ་ཞུགས་མཁན་དག་གིས།  མར་མེ་ཁྲོམ་སྐོར་ལ་གཡོལ་འབྲོ་མཁན་གྱི་བོད་མིའི་རྒྱབ་གཟིགས་མཐོང་ཐུབ་ལ།  མར་མེ་ཁྲོམ་སྐོར་གྱི་རུ་སྣེ་མཐོང་བ་ན་སུན་སྣང་དང་བཅས་ནང་ལ་འཛུལ་དེ་ཚོང་ཁང་གི་སྒོ་མར་འཐེན་རྗེས།  རུ་མཇུག་ཡོལ་མ་ཐག་ཚོང་སྒོ་ཕྱེ་སྟེ་འཛུམ་དམུལ་ལེར་ཤོག་སྒོར་ལ་རྒྱུ་རེ་བས་སྒུག་མཁན་གྱི་རྣམ་འགྱུར་དང་། ལམ་འགྲམ་གཡས་གཡོན་དུ་ཅི་མི་སྙམ་པར་ཡར་བསྐྱོད་མར་འགྲུལ་བྱེད་མཁན་དག་ཀྱང་མཐོང་ཐུབ། འདི་ནི་དྷ་སར་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། 

        བཙན་གནོན་འོག་གི་རང་དབང་གི་འབོད་སྒྲ་དེ་དང་། རང་དབང་ལུང་པའི་དྲོད་ཡལ་བའི་འདུ་ཤེས་འདི་གཉིས་རྒྱ་མར་འཇལ་ཏེ་རིན་གོང་གཅོད་དགོས་ཚེ། མགོ་རྟིང་ལོག་སྟེ་འབྲས་བུ་སྨིན་བསྡད་པ་ཞིག་ཆགས་ཡོད། མ་གཞི་མི་སྒེར་སོ་སོའི་ངོས་ནས་ཕྱིར་མངོན་པའི་བྱ་སྤྱོད་ཆུང་ཆུང་དེ་དག་གིས། སྤྱི་ཚོགས་ཧྲིལ་པོའི་གཏིང་རིམ་ན་ནད་ཡམས་ལྟ་བུའི་གནད་དོན་ཞིག་འབུས་ཀྱིན་པ་བསྟན་ཡོད། ཡིན་ནའང་། ད་ལྟའི་བར་འུ་ཅག་གིས་བྱ་སྤྱོད་དེ་དག་ནི་མི་སྒེར་གྱི་གནད་དོན་ཁོ་ནར་བརྩིས་ཏེ་འགན་མཐའ་དག་ཕར་འདེད་རྐྱང་བྱས་པ་ལས།  མི་སྒེར་གྱི་བྱ་སྤྱོད་བྱེ་བྲག་པ་དེ་དག་གི་འབྱུང་རྐྱེན་རྩད་ཞིབ་བྱས་ཏེ། སྤྱི་ཚོགས་ཧྲིལ་པོའི་རིག་གཞུང་གི་སྒྲོམ་གཞི་ལ་གས་ཆག་ག་རེ་ཤོར་གྱིན་ཡོད་མེད་ལ་ཞིབ་འཇུག་གི་བགྱི་བ་གང་ཡང་བྱས་མྱོང་མེད། 

        ད་དུང་། མི་ཚོགས་དེ་ཙམ་མི་འཁོར་བའི་མེག་གྷན་སྲང་ལམ་གྱི་ནགས་འདབས་སུ། ཨ་རག་དམ་བུ་གང་དང་དུ་ནག་རྐང་ཐུར་གཅིག་གི་མགོ་རྔར་འདུས་པའི་ཤ་དར་ཁྲག་དར་གྱི་བོད་མི་གཞོན་སྐྱེས་དེ་ཚོས། འདས་པའི་བདུན་ཕྲག་གཅིག་ནང་རང་དང་ཤ་ཁྲག་གཅིག་པའི་ཕུ་ནུ་སྤུན་མཆེད་བདུན་གྱིས་རང་ལུས་མེ་ལ་བསྲེགས་ཏེ། མི་རིགས་འདིར་རྟོག་སད་ཀྱི་མར་མེ་སྒྲོན་ཟིན་པ་རྣམས། ད་དུང་སོ་སོའི་རྣ་སྒོ་ཙམ་ལའང་ལེན་ཐུབ་མེད། བོད་མི་མང་པོ་ཞིག་མཚོན་ལ་གནས་ཚུལ་འདི་དག་ནི་ཧ་ཅང་རྒྱུན་ལྡན་ཞིག་ཆགས་ཡོད། ཡིན་ནའང་། ཞིབ་ཏུ་བསམ་གཞིགས་བྱས་ཚེ། རང་དབང་འཐབ་རྩོད་ཀྱི་གནས་སྟངས་འོག་ཡོད་པའི་མི་རིགས་ཤིག་ལ་མཚོན་ན། འདི་ནི་ཧ་ཅང་འཇིགས་ཡེར་བའི་སྣང་ཚུལ་ཞིག་རེད། 

        མེ་ལྕེ་ཁྲོད་ཀྱི་རང་དབང་གི་འབོད་སྒྲ་དང་། རང་དབང་ལུང་པའི་འཐོམ་སྦྲིད་ཀྱི་འདུ་ཤེས་གཉིས་ཀྱིས།  ང་ཚོར་མི་རིགས་ཤིག་དམར་གསོད་ཀྱིས་རྫོགས་མི་སྲིད་ཀྱང་འཐོམ་སྦྲིད་ཀྱིས་རུད་ངེས་པའི་སྡོམ་ཚིག་དེ་ཡང་ཡང་གསལ་འདེབས་གནང་བཞིན་ཡོད་དོ།།      

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply