དཔའ་མོ་རྟ་མགྲིན་འཚོས་རང་ལུས་མེར་བསྲེགས།

དེ་རིང་ཕྱི་དྲོ་བོད་མདོ་སྨད་རེབ་གོང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་བུད་མེད་རྟ་མགྲིན་འཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་འདུག

དེ་རིང་བོད་ནང་གི་ཆུ་ཚོད་ ༥ དང་ཕྱེ་ཀ་ཙམ་གྱི་སྟེང་། བོད་མདོ་སྨད་རེབ་གོང་མདོ་བ་ཞང་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བའི་རང་ལོ་ ༢༣ ཡིན་པའི་བུད་མེད་རྟ་མགྲིན་འཚོ་ལགས་ཀྱིས་གད་དམར་ཐང་ནས་རང་ལུས་མེར་བསྲེགས་བཏང་སྟེ།  རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པ་དང་།  ཁོ་མོས་མེར་བསྲེགས་སྐབས་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་ཡོད་འདུག

འདི་གར་གནས་ཚུལ་མཁོ་གཏོང་པས་བརྗོད་དོན།  རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་ལགས་ཀྱི་ཕའི་མིང་ལ་རྟ་མགྲིན་སྐྱབས་ཟེར་ཞིང་ལོ་ ༥༠ ཡིན་པ་དང་།  མའི་མིང་ལ་དཀོན་མཆོག་འཚོ་ཟེར་ཞིང་ལོ་ ༤༤ ཡིན་འདུག  དཔའ་མོ་ཁོང་ལ་བྱིས་པ་ལོ་ ༦ ཅན་ཞིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་འབོད་པ་དང་། དེ་མིན། ཁོ་མོར་མིང་སྲིང་གཉིས་ཡོད་པ་ལས་ནུ་བོ་ལྷ་མོ་སྐྱབས་ལོ་ ༢༠ དང་། ནུ་མོ་རི་ལངས་མཚོ་ལོ་ ༡༡ ཡིན་འདུག 

དཔའ་མོ་རྟ་མགྲིན་འཚོ་ལགས་ཀྱིས་མེར་བསྲེགས་བཏང་བའི་གནས་ཚུལ་ཁྱབ་མ་ཐག   དགོང་དྲོར་ས་རུབ་ཡོད་ནའང་འདབས་འབྲེལ་གྱི་མི་མང་སུམ་སྟོང་བརྒལ་བ་གད་དམར་ཐང་ལ་འཛོམས་ནས་ཀི་ལྡིར་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ཡོད་པ་དང་།  དེ་རིང་གཅིག་པུར་ས་ཐག་ཉེ་རིང་གང་སའི་དགོན་སྡེ་དང་གྲོང་སྡེ་མང་པོ་ནས་མི་མང་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཞུ་བར་འབྱོར་དང་འབྱོར་མུས་ཡིན་པ་དང་། རླངས་འཁོར་སུམ་བརྒྱ་བརྒལ་བ་གད་དམར་ཐང་དུ་འཛོམས་ཡོད་འདུག

གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཟླ་ཤས་གོང་ནས་ཁོ་མོས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་དམིགས་ཏེ། མ་ཎི་གསོག་སྒྲུབ་དང་། སྨྱུང་གནས་སྡོམ་པ་སྲུང་བ། མཆོད་མེ་འབུལ་བ་སོགས་དགེ་སྒྲུབ་ལ་འབད་ཡོད་འདུག

རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོའི་སྐྱེས་ཡུལ་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བ་ནི་མདོ་བ་ཞང་ནས་ཀེ་ལོ་མི་ཌིར་   ༡༥ མཚམས་ཀྱི་གད་དམར་ཐང་ཞེས་པའི་འབྲོག་ཁུལ་དེ་ཡིན་སྟབས།  ཁོང་མོས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་པའི་རྗེས། ད་ལྟའི་ཆར་དམ་དྲག་སོགས་ཀྱི་གནས་ཚུལ་རིགས་བྱུང་མི་འདུག ཡིན་ནའང་། གད་དམར་ཐང་ནི་རེབ་གོང་མདོ་བ་སྒྲོ་རོང་པོའི་ས་དཀྱིལ་ཡིན་ལ། དེར་སློབ་གྲྭ་དང་ཚོང་ཁང་སོགས་ཡོད་སྟབས། འབྲོག་ཁུལ་དེའི་མི་རྣམས་འདུ་ཡུལ་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “དཔའ་མོ་རྟ་མགྲིན་འཚོས་རང་ལུས་མེར་བསྲེགས།

  1. ལྷོ་ཕྱོགས་ཉི་ཟླ།

    ད་ང་ཚོའི་ཅི་བྱེད་ཀྱི་ཡིན་འདི་ལ་བསམ་གཞིགས་རེ་གནོངས་དང་། ངས་ངོ་མ་ད་བཤད་མི་ཤེས་ཀི་ཡ།

  2. རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལ་འགོ་བོ་ས་ལ་བཞག་ནས་གུས་འདུད་ཞུ། ཤུལ་ལས་འུ་ཅག་གི་ཅི་བྱ།

  3. རང་ཉིད་ཀྱི་ཡོད་ཚད་བློའི་བཏང་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་་་་་ངོ་མ་རླབས་ཆེན་རེད་་་སྙིང་དབུས་སུ་མྱ་ངན་གུས་འདུལ་ཞུ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་ནས་སླར་ཡང་མི་ལུས་དོན་དང་ལྡན་པ་ཞིག་ལེན་ཐུབ་པའི་སྐྱབས་འཇུག་ཞུ་་་

  4. སྦྲ་དཔལ་ལྡན།

    རྒྱལ་གཅེས་དཔའ་མོ་ཁོང་གི་ཕྱི་རྗེས་ལ་བསྟོད་ངག་དང་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཡོད།