གཉན་ནད་པར་པཱ་ཊ་ཡི་འཇིག་པ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་ནས་ཡོང་བའི་བོད་ནང་གི་སྨད་ཚོང་མ་ཞིག་གིས་ ང་ཉུང་མཐར་བོད་པའི་ཕོ་སར་ཉིས་བརྒྱ་ལྷག་ལ་ཉལ་མྱོང་ཡོདཅེས་ཁེ་སྤོགས་ཆེན་པོ་ཞིག་བླངས་མདོག་གིས་ཁེངས་ཉམས་སྟོན་གྱི་འདུག་ཟེར། བོད་འབྲོག་ཁུལ་གྱི་ཕོ་གསར་ཞིག་གིས་ ངས་ཉུང་མཐར་བུ་མོ་ཉིས་བརྒྱ་ལྷག་ལ་འཁྲིག་སྤྱོད་བྱས་མྱོང་ཡོདཅེས་རྒྱལ་ཁ་ཆེན་པོ་བླངས་ཞིག་མདོག་གིས་ངོམ་སོ་བྱེད་ཀྱི་འདུག་ཟེར།

            ད་ལོའི་འཛམ་གླིང་ཨེ་ཙིའི་ཉིན་མོར། རྒྱལ་སྤྱིའི་གསར་ལམ་ཁག་ཡོངས་རྫོགས་ན་ན་ཚ་དེའི་ངོ་བོ་དང་བྱེད་ལས། ནད་རྟགས་དང་སྔོན་འགོག་སྐོར་ལ་བགྲོ་གླེང་བྱེད་ཀྱི་འདུག ངའི་སེམས་ལ་རང་དབང་མེད་པར་བོད་ཡུལ་དང་བོད་མི་ཚོ་འཁོར་བྱུང་། ན་ཚ་འདི་གལ་སྲིད་བོད་ནང་ལ་ཁྱབ་བརྡལ་སོང་ཚེ། རྩ་སྐྱའི་ནང་དུ་མེ་སྟག་འཐོར་བ་བཞིན་དེའི་མཇུག་འབྲས་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་ངེས།

            བོད་པའི་ཕོ་གསར་གཅིག་གྲོང་ཁྱེར་དུ་སོང་སྟེ་རྒྱ་སྒོར་ཉིས་བརྒྱ་སྤྲད་དེ། གཉན་ནད་རེག་དུགཉོས། རྒྱ་མོ་སྨན་ཚོང་མ་གཅིག་བོད་ནང་ལ་ཡོང་ནས་བོད་པའི་ཕོ་གསར་ཉིས་བརྒྱ་ལ་རེག་དུག་གི་ན་ཚ་བཙོང་། བོད་པའི་ཕོ་གསར་དེ་ཕྱིར་འབྲོག་ཁུལ་དུ་ལོག་ནས་འབྲོག་པའི་བུ་མོ་ཉིས་བརྒྱ་ལ་རེག་དུག་རིན་མེད་ཐོག་རྔན་པར་སྤྲད། འདི་ཤི་གསོན་བར་གྱི་ལེགས་སྐྱེས་མཐའ་མ་དེའང་ཡིན།

            ན་ཚ་འདིར་འབྱུང་རྐྱེན་གཙོ་བོ་གསུམ་ཡོད་པ་ལས་རྒྱུག་ཆེ་ཤོས་ཕོ་མོའི་འཁྲིག་སྤྱོད་ཡིན་ཚོད་འདུག བོད་ཡུལ་སྟོད་སྨད་བར་གསུམ་ནང་རྒྱ་ནག་ནས་ཡོང་བའི་སྨད་ཚོང་མ་ཁེངས་ནས་ཡོད། བོད་ནང་གི་འབྲོག་པ་དང་ཞིང་པ། ཐ་ན་ལས་བྱེད་དང་སློབ་ཕྲུག་ཚུན་ཆད་གཞང་ཁང་ལ་འགྲོ་རྒྱུ་ཧ་ཅང་རྒྱུན་ལྡན་ཞིག་གམ། སྤྲོ་སྐྱིད་འཚོ་བའི་ཆ་ཤས་ཤིག་ཏུ་རྩི་བཞིན་ཡོད།   

            འཛམ་གླིང་དམག་ཆེན་དང་པོ་ཕྱི་ལོ་ ༡༩༡༤ ནས་ ༡༩༡༨ ལོའི་བར་བརྒྱབ་སྟེ་མི་ས་ཡ་ ༤༠ ལྷག་གི་ཚེ་སྲོག་ཕྲོགས་ཏེ་མཇུག་བསྒྲིལ་ཡོད། དམག་ཆེན་གཉིས་པ་ཕྱི་ལོ་ ༡༩༣༧ ནས་ ༡༩༤༥ ལོའི་བར་བརྒྱབ་སྟེ་མི་ས་ཡ་ ༧༠ ལྷག་གི་ཚེ་སྲོག་ཕྲོགས་ཏེ་མཇུག་བསྒྲིལ་ཡོད། གཉན་ནད་རེག་དུག་གི་ནད་པ་འཛམ་གླིང་ཐོག་ཕྱི་ལོ་ ༡༩༨༡ ལོར་གསར་དུ་རྙེད་དེ། ད་བར་ལོ་ ༣༡ ཙམ་ཕྱིན་པའི་ཉི་མ་དེ་རིང་བར་ན་ཚ་འདིའི་རྒྱུན་གཅོད་ཐུབ་མེད་ལ། ནད་པའི་ཁ་གྲངས་ཡང་ཉིན་རེ་བཞིན་འཕར་ཏེ་མི་གྲངས་ས་ཡ་ ༣༤ ལྷག་ལ་འཇབ་རྒོལ་ཐེབས་ཡོད།  

            རྒྱ་ནག་གིས་རེག་དུག་གི་ནད་པ་དང་པོ་རྙེད་དེ་ད་བར་ལོ་ཉེར་བདུན་ཕྱིན་ཡོད། ཉིས་སྟོང་བཅུ་གཅིག་བར་ནད་པ་བཞི་འབུམ་བཞི་ཁྲི་ལས་བརྒལ་ཡོད། བོད་ནང་གི་མཚོ་སྔོན་གཅིག་པུའི་ནང་ད་ལོའི་བར་རེག་དུག་ནད་པ་ ༦༠༣ ཙམ་རྙེད་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རེག་དུག་གི་ནད་པ་ཐོག་མ་ག་དུས་རྙེད་མིན་མི་གསལ་ཡང་། ད་ལོའི་འཛམ་གླིང་རེག་དུག་ཉིན་མོར་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུངས་ན། ད་སྔ་ཤེས་རྟོགས་བྱུང་པའི་ནད་པ་ ༡༣༠ དང་འདས་གྲོངས་སུ་ཕྱིན་པ་ ༦༠ ཙམ་ཡོད་སྐོར་བརྗོད།

            གཉན་ནད་རེག་དུག་འདིའི་ཐོག་མའི་བྱུང་སྟངས་སྐོར་ལ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྐང་བཙུགས་ཏེ་རྡུལ་མཚོན་དུག་རྫས་ཤིག་ཁྱབ་བརྡལ་བཏང་བར་བཤད། བོད་ནང་གི་རེག་དུག་ན་ཚ་འགོས་ཡོད་པའི་སྨད་ཚོང་མ་འདི་དག་ཀྱང་རྒྱ་གཞུང་གིས་རྐང་བཙུགས་ནས་བོད་དུ་མངགས་པ་ཨེ་ཡིན། བོད་ནང་དུ་སྨད་ཚོང་མ་ཡི་འཇིག་པ་བསྐྱབ་ཏུ་གསོལ། བཙན་བྱོལ་ནང་མྱོས་རྫས་སྤྱོད་པའི་འཇིག་པ་བསྐྱབ་ཏུ་གསོལ། བོད་གཞིས་བྱེས་ གཉན་ནད་པར་པཱ་ཊཡི་འཇིག་པ་བསྐྱབ་ཏུ་གསོལ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply