འགར་རྩེ་འཇིཊ་མེད་འཛིན་བཟུང་།

རྒྱ་གཞུང་གིས་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་འཛིན་བཟུང་བྱས་ཏེ། ད་ཆར་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་བོད་མདོ་སྨད་རྨ་ལྷོ་ཁུལ་བདེ་འཇགས་ལས་ཁུངས་ཀྱི་མི་སྣ་དང་རེབ་གོང་འགར་རྩེ་ཞང་གི་ཉེན་རྟོག་པ་འགར་རྩེ་དགོན་པར་ཡོང་སྟེ། གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ཀྱི་གྲྭ་ཤག་དང་གློག་ཀླད་བཅས་སུ་སྔོག་བཤེར་བྱས་ཡོད་པ་མ་ཟད། ཁོང་གསང་སྟབས་ཀྱིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ཆར་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་འདུག  

གསར་འགོད་པས་བཞུགས་སྒར་ངྷ་རམ་ས་ལར་གནས་སྡོད་བྱེད་མཁན་ཕ་ཡུལ་འགར་རྩེ་ནས་ཡིན་པའི་ཚེ་རིང་ལགས་སུ་བཅར་འདྲི་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་འགར་རྩེ་འཇིགས་མེད་ལགས་འཛིན་བཟུང་བྱས་ཏེ་དེ་རིང་ཉིན་བདུན་པ་ཡིན་འདུག་ལ། ཁོང་འཛིན་བཟུང་བྱས་དོན་གཙོ་བོ། ཁོང་རང་ངོས་ནས་མ་དངུལ་གྱི་འགྲོ་སོང་དང་རྩོམ་སྒྲིག་བྱེད་ཀྱིན་པའི་༼བཙན་པོའི་སྙིང་སྟོབས༽ དུས་དེབ་ཀྱི་སྤྱིའི་འདོན་ཐེངས་གཉིས་པའི་ནང་བོད་མིའི་རང་ལུས་མེར་བསྲེཊ་དང་ཞི་བའི་ངོ་རྒོལ། ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་སྐོར། བོད་མིའི་ཐོབ་ཐང་དང་བོད་ཀྱི་ཁོར་ཡུག གྲངས་ཉུང་མི་རིགས་དང་པེ་ཅིན་གཞུང་བར་འབྲེལ་ལམ་སོགས་ད་ལྟའི་དངོས་ཡོད་གནས་ཚུལ་བརྗོད་བྱ་བྱས་པའི་རྩོམ་ཡིག་མང་པོ་ཞིག་བཀོད་དེ། བོད་མིའི་དངོས་ཡོད་གནས་སྟངས་གསལ་སྟོན་བྱས་ཡོད་པའི་དབང་གིས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག་ལ།  ཉེས་ལམ་འཛིན་བཟུང་བྱས་རྗེས་བདུན་ཕྲག་གཅིག་རིང་ཟི་ལིང་དུ་བཀག་ཉར་བྱས་ཡོད་པ་ལས། བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་དང་ད་ལྟའི་གནས་སྟངས་གང་འདྲ་ཡིན་མིན་མ་ཤེས་པར་ལྷག་ཡོད་འདུག 

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ༢༠༠༨ ལོར་འགར་རྩེ་འཇིགས་མེད་ལགས་ཀྱིས་རང་ངོས་ནས་མ་དངུལ་བཏང་བ་དང་རྩོམ་སྒྲིག་བྱས་པའི་དུས་དེབ་༼བཙན་པོའི་སྙིང་སྟོབས༽ དེབ་ཕྲེང་དང་པོ་བཏོན་ཡོད་ལ། དེའི་ནང་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་མང་པོ་ཞིག་གིས་བོད་མིའི་བདེ་སྡུག་དང་ས་བྱིའི་ཞི་རྒོལ་སྐབས་ཀྱི་དངོས་ཡོད་གནས་ཚུལ་གསལ་སྟོན་བྱས་པའི་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་སྟབས།  རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་བཀག་ཉར་འདྲི་བརྩད་དང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པ་མ་ཟད། དུས་དེབ་དེའི་ནང་རྩོམ་ཡིག་འབྲི་མཁན་རྩོམ་པ་པོ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་པའི་གནས་ཚུལ་བྱུང་ཡོད།

རང་ལོ་ ༣༧ ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་མགར་རྩེ་འཇིགས་མེད་ལགས་ནི། ༡༩༧༦ ལོར་བོད་མདོ་སྨད་རྨ་ལྷོ་རེབ་གོང་མགར་རྩེའི་འབྲོག་སྡེ་ཆེན་པོ་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་ཞེས་པའི་འབྲོག་སྡེར་སྐྱེས་ཤིང་། ཆུང་དུས་སློབ་ཆུང་དང་སློབ་འབྲིང་བརྒྱུད་ཡོད་པ་དང་། ༡༩༩༢ ལོར་འགར་དགོན་ཆོས་གླིང་དུ་ཞུགས་ཏེ་བསྡུས་གྲྭ་དང་ས་ལམ། གྲུབ་མཐའ། བརྡ་སྤྲོད་སོགས་ལ་སློབ་སྦྱོང་གནང་བ་དང་། དགེ་བའི་བཤེས་གཉེན་ཆེན་མོ་དུ་མའི་ཞབས་ལ་གཏུག་ཏེ་བློ་རྟགས་དང་རྣམ་འགྲེལ། ཕར་ཕྱིན། དྲང་ངེས། རྟེན་འབྲེལ། དབུ་མ། མཛོད་སོགས་གཞུང་ཆེན་ཁག་ལ་སློབ་གཉེར་གང་ལེགས་གནང་སྟེ། ༢༠༠༣ ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་ཡོད། ༡༩༩༩ ལོ་ནས་བཟུང་བོད་ནང་གི་༼རྩེར་སྙེགས༽ དང་༼སྦྲང་ཆར༽ སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དཔེ་དེབ། ཚགས་པར་སོགས་ཀྱི་སྟེང་རྩོམ་ཡིག་བརྒྱ་ཕྲག་དུ་མ་སྤེལ་མྱོང་ཡོད་ལ། ༢༠༠༡ ལོ་ནས་བཟུང་གྲོགས་པོ་འགའ་དང་ལྷན་དུ་༼རྫོགས་ལྡན་གསར་བའི་མེ་ཏོག༽ དང་༼དུས་རབས་ཀྱི་བསམ་གཞིགས༽། ༼མི་ཕམ་དགྱེས་པའི་མཆོད་སྤྲིན༽ བཅས་ཀྱི་ལག་བསྟར་རྩོམ་སྒྲིག་པ་དང་རྩོམ་སྒྲིག་གཞོན་པའི་འགན་བཞེས་ཡོད། ༢༠༠༥ ལོར་༼བསམ་གཞིགས་ཉུལ་བའི་ཟིན་ཐོ༽ ཞེས་པའི་ཁོང་གི་དཔྱད་གླེང་རྩོམ་ཡིག་ཕྱོགས་བསྒྲིག་གི་དེབ་ཅིག་པར་བསྐྲུན་བྱས། ༢༠༠༨ ལོར་རྩོམ་སྒྲིག་པ་དང་མ་དངུལ་རང་ངོས་ནས་བཏང་སྟེ་༼བཙན་པོའི་སྙིང་སྟོབས༽ ཞེས་པའི་དུས་དེབ་ཀྱི་དེབ་ཕྲེང་དང་པོ་པར་བསྐྲུན་བྱས་ཡོད་པ་མ་ཟད། སློབ་གཉེར་གྱི་ཞོར་དུ་དུས་རབས་ཀྱི་བསམ་གཞིགས་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པ་དང་། ཚོ་ལྔའི་ཚགས་པར་གྱི་གཙོ་སྒྲིག་པ་བཅས་ཀྱི་ལས་འགན་འཁུར་ཡོད་འདུག

གསར་འགོད་པ། དོན་གོ

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “འགར་རྩེ་འཇིཊ་མེད་འཛིན་བཟུང་།

  1. གསར་འགོད་པ་ལགས། ཉིད་ཀྱིས་གསར་འགྱུར་གལ་ཆེན་འདིར་གུས་པར་གསལ་བཤད་ཅིག་འདུག ཉིད་ཀྱིས་”༡༩༧༦ ལོར་བོད་མདོ་སྨད་རྨ་ལྷོ་རེབ་གོང་མགར་རྩེའི་འབྲོག་སྡེ་ཆེན་པོ་མགོན་ཤུལ་ཚོ་ཆེན་བཅུའི་ནང་ཚན་སྒར་བ་་་་་་་”ཞེས་འཁོད་གནང་འདུག ཡིན་ནའང་། མགར་རྩེའི་འབྲོག་སྡེ་ནི་གྱ་ས་མགར་རྩེ་དང་། རྩེ་ཁོག་རྫོང་གི་ཁོངས་གཏོགས་མགར་རྩེ་གཉིས་ཆ་འབྲོག་སྡེ་ཆེན་པོ་གཉིས་ཡིན་ཞིང་། མཚོ་ལྷོ་ཐུན་ཏེ་ཁོངས་སུ་ཡོད་པའི་མགར་རྩེ་ཡང་འབྲོག་སྡེ་ཆེན་པོ་ཞིག་ཡིན། རེབ་གོང་རྩེ་ཁོག་རྫོང་གི་ཁོང་གཏོགས་མགར་རྩེ་ལ་དེང་ཆ་སྐོར་ཞང་ཞེས་ཟེར། མགོན་ཤུལ་ཚོ་ཆེན་བཅུ་ནི་སྡེ་འདི་གཉིས་མ་ཡིན་པར་རྡོ་དཀར་ཞང་ཞེས་པ་དེ་ཡིན། མགར་རྩེ་འཇིགས་མེད་ལགས་ནི་མགོན་ཤུལ་འབྲོག་སྒར་བ་ནས་འཁྲུངས་ཤིང་། གྱ་ས་མགར་རྩེ་དགོན་དུ་ཆོས་ཞུགས་གནང་བ་ཡིན་པས་”མགར་རྩེའི་འབྲོག་སྡེ་ཆེན་པོ་མགོན་ཤུལ་ཚོ་ཆེན་”ཞེས་པ་ནི་ནོར་བ་རེད་ལགས། མགར་རྩེ་དང་མགོན་ཤུལ་གཉིས་གནའ་དེང་གཉིས་གར་སྡེ་ཆེན་པོ་གཉིས་ཡིན་ཞིང་། དེང་ཡང་། ཞང་སྲིད་གཞུང་གཉིས་ཀྱི་འཛིན་སྐྱོང་འོག་ཡོད་པ་རེད་དོ། ཁོང་ནི་མགོན་ཤུལ་ནས་འཁྲུངས་ཤིང་མགར་རྩེ་གྱ་ས་དགོན་དུ་ཆོས་བཞུགས་གནང་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་སྒེར་གྱི་ཆེད་དེབ་ཁག་ཅིག་ཀྱང་ཡོད་པ་རེད་དོ།