རྒྱུན་ལས་ལག་རིང་མ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་  སྟེང་གི་རྩོམ་སྒྲིག་པའི་གཏམ།

ཁ་སང་ཚོགས་དྲུང་ལས་ཁུངས་ནས་ཕྱག་འཕྲིན་ཞིག་འབྱོར་སོང་། གནས་ཚུལ་གལ་ཆེན་ཞིག་ཡིན་ཤག་གིས་ལམ་སང་ཡིག་སྐོགས་ཁ་ཕྱེས་ཏེ་བམ་ཀློག་ཅིག་བྱས་པ་ཡིན། ཐིག་ཕྲེང་བཞི་ལས་མེད་པའི་ཡིག་ཆུང་དེས་ཧང་སང་དུ་བཅུག་སོང་། ལས་ཤོག་སྒང་གི་ཁ་ཡིག་དང་འོག་གི་ལས་ཐམ། ཟུར་གྱི་ཟླ་ཚེས་སོགས་སུ་ཡང་བསྐྱར་ཞིབ་ལྟ་ཞིག་བྱེད་དགོས་བྱུང་།

            ཡི་གེ་ནང་འདི་ལྟར་འཁོད་འདུག དུས་བབ་གསར་ཁང་གི་དྲ་རྒྱ་དང་ཚགས་ཤོག་བརྒྱུད། རྒྱ་གར་གཞུང་མང་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་མེད་པ་གསལ་བོ་རེདཞེས་མགོ་བརྗོད་འཁོད་པ་སྤྱིར་གསར་འགོད་སྨྲ་བརྗོད་རང་དབང་ལ་དོ་ཕོག་བཏང་བ་གང་ཡང་མིན་རུང་། འདི་འདྲ་བྲིས་ཏེ་མཛའ་འབྲེལ་ཅན་གྱི་རྒྱལ་ཁབ་ལ་དོ་ཕོག་མི་འགྲོ་བ་གནང་དགོས་པ་གལ་ཆེ་ཡིན་ཞེས་ཕེབས་འདུག་པ་དེ་དོན་དགོངས་འཇགས་ཞུཞེས་དུས་བབ་ཚང་གི་གསར་འགྱུར་ཞིག་གི་ཁ་བྱང་ལ་ཉེས་པ་ཕོག་འདུག

            ཕྱག་འཕྲིན་ཕེབས་ཕྱོགས་དང་ནང་དོན་འཁོད་སྟངས་ལ་བལྟས་ན། ཚོགས་དྲུང་གིས་དེ་སྔའང་ཡིག་ཆུང་འདི་འདྲ་གང་ས་གང་ལ་བཏང་བཏང་བ་དང་། ནང་དོན་ག་རེ་འཁོད་འཁོད་ཡིན་པའི་ཟོལ་འདྲ་ཞིག་མཐོང་སོང་། གསར་འགྱུར་དེའི་ནང་སྐད་ཆ་ཤོད་མཁན་ལ་ཡང་ཡི་གེ་འདི་ལས་རིང་བ་དང་ནང་དོན་འདི་ལས་རྩུབ་པ་བཏང་སྟེ་འབུར་འཇོམས་གཏོང་ཐབས་བྱས་ཡོད་མི་སྲིད་པ་མིན་སྟབས། བློ་ཕམ་དང་བློ་འཚབ་གནོན་མེད་ཅིག་གི་འོག་ནས་དྲན་སྣང་བསྲང་པོར་མི་ཞུ་ཐབས་མེད་བྱུང་།  

            སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོས་ཕྱག་ལས་མགོ་བཙུགས་ཏེ་ཡུན་རིང་ཕྱིན་མེད། ལྷག་པར་དུ་རྒྱུན་ལས་གསར་རྙིང་འཕོ་འགྱུར་གྱི་བར་དུ། རྒྱུན་ལས་གསར་པ་རེ་ཟུང་སེམས་ཤུགས་སྒང་ལ་སེམས་ཚོར་གྱིས་དེད་ནས་རང་འཁྲིའི་ལས་འགན་གོ་འཛོལ་ཤོར་བ་ཡིན་སྲིད་པར་འདོད། རྗེས་སུ་གོ་ཐོས་ལ་དེ་འདྲ་ཞིག་གཏན་ནས་མིན་པར་རྒྱུན་ལས་གསར་བའི་ནང་གི་འཐུས་མི་རྙིང་པ་ཚོས་མགོ་འཚོས་པའི་མ་ཚད་མང་དྲགས་ཏེ་ཐག་ཅོད་བྱས་པ་ཞིག་ཆགས་འདུག

            སྤྱི་དོན་ལ་ཐུགས་འཁུར་གྱི་རྣམ་འགྱུར་འདི་ལ་གུས་བརྩི་ཞུ་འོས་མོད། ང་ཚོས་ནམ་རྒྱུན་མིའི་ལུང་པ་དང་སྐྱབས་བཅོལ་བ་ཞེས་པའི་ཡིག་འབྲུ་འདི་གཉིས་ནང་ཡོད་ཚད་བསྒྲིལ་ནས་ཕྱིན་ན། མཚམས་ལན་རེར་དམངས་གཙོའི་ཀ་བ་བཞི་བར་གྲགས་པའི་གསར་འགྱུར་རྩ་དོན་ལ་རྡོག་རོལ་དང་། མི་མང་གི་སྨྲ་བརྗོད་རང་དབང་ལ་སྣང་ཆུང་། ཐ་ན་མི་སྒེར་གྱི་ལས་ཀར་ཡང་བརྡབ་གསིག་གཏོང་གི་ཡོད་སྟབས། གསར་འགྱུར་གཅིག་གི་ཁ་བྱང་ཚུན་ལ་ཁ་ཆེན་པོ་ལྡང་ནས་ལག་རིང་པོ་བསྐྱངས་པའི་སྤྱོད་ཚུལ་འདི་ཧ་ཅང་ཐལ་བར་འདོད།

            རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་དང། དེ་ལ་དམངས་གཙོ་ཡོད་མེད་མི་མང་གིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་རང་རྐྱ་བ་ཞིག་ཡོད་མེད་ཀྱིས་འཇོག ཐོབ་ཐང་དང་ལས་འགན་གཉིས་ཀྱང་ལྷན་གཅིག་ཏུ་གནས་ཡོད། ཕོར་བའི་ནང་དུ་ལྟོ་ཟ་རྒྱུ་ཁེ་དབང་དང་ཟོས་ཤུལ་གཙང་མ་འཁྲུད་རྒྱུ་འོས་འགན་ཡིན་ན། མི་མང་ལ་བླང་དོར་ལམ་སྟོན་གྱི་ཁེ་དབང་ཡོད་ལ། མི་མང་གི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཀྱི་འོས་འགན་ཡང་ལྷན་གཅིག་འཁྱེར་དགོས།

            སྔོན་མ་འཛིན་སྐྱོང་དང་སྤྱི་འཐུས་བར་ས་མཚམས་ཀྱི་གླེང་རྙོག་ཅིག་ཡོད། དེ་ནི་དམངས་གཙོའི་ཀ་བ་གསུམ་གྱི་ལྗིད་སྙོམས་སྟངས་འཛིན་ཕར་ཚུར་བརྒལ་འཁྲུལ་ཤོར་བས་རེད། ཕྱོགས་འགལ་ཚོགས་པ་མེད་པའི་གྲོས་ཚོགས་འདིས་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཉིས་ཀའི་འགན་བཞེས་དགོས་པ་ཡོང་སྲིད་མོད། དམངས་གཙོའི་ཀ་བ་བཞི་ཀའི་འགན་གཅིག་ལྕོགས་བྱེད་པའི་གྲོས་ཚོགས་ཤིག་འཛམ་གླིང་དམངས་གཙོའི་ལམ་སྲོལ་ནང་མེད་ལ། ལོ་རྒན་ལྔ་བཅུར་མིག་ནང་གི་རྣོ་བཞིན་སྲུང་སྐྱོང་བྱས་པའི་འུ་ཅག་བོད་པའི་དམངས་གཙོའི་འཕེལ་རིམ་ཁྲོད་དེ་བས་ཀྱང་དགོས་མཁོ་མེད།    

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply