མཚམས་འཇོག་གསུམ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་  སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ནི་ང་ཚོས་ལུས་༧གོང་ས་མཆོག་ལ་བསྙེ་རྒྱུ་མཚམས་འཇོག་དང་། ལག་༧གོང་ས་མཆོག་ལ་བསྲིང་རྒྱུ་མཚམས་འཇོག ཁ་༸གོང་ས་མཆོག་ལ་གཡར་རྒྱུ་མཚམས་འཇོག་བྱ་དགོས།  

        ལོ་བཅུ་ཕྲག་གཉིས་ཙམ་གྱི་གོང་ནས་༸གོང་ས་མཆོག་གིས་ཆབ་སྲིད་དང་མ་འདྲེས་པའི་ཆོས་ཀྱི་མཛད་པ་གཙང་མ་ཞིག་བསྐྱང་རྒྱུའི་ཐུགས་འདུན་ཆེན་པོ་འཆང་ཡོད། འདི་ཁོང་སྐུ་སྒེར་གྱི་སྒྲུབ་པ་ཉམས་ལེན་ཆེད་ཁོ་ན་མ་རེད། དུས་ཀྱི་འགྱུར་འགྲོས་ལ་གཞོགས་འདེགས་དང་རྒྱ་ནག་ལྟ་བུའི་སྒེར་སྤྱོད་པ་དག་ལ་མིག་དཔེ་བསྟན་པ་རེད། ཡང་སྒོས་འུ་ཅག་བོད་པ་ཚང་གི་མདུན་ལམ་ཆེད་ཡིན་པ་གསལ་བོར་མཁྱེན་དགོས། ཁོང་གི་བཞུགས་གནས་ཀྱང་ཆབ་སྲིད་ཀྱི་ལྟེ་གནས་ངྷ་རམ་ས་ལ་དང་ཁ་གྱེས་ཏེ་ལྷོ་ཕྱོགས་གདན་ས་འབྲས་སྤུངས་དགོན་པར་སྤོ་རྒྱུར་ཐུགས་ཀྱི་འཕེན་པ་བཏང་དང་གཏོང་བཞིན་ཡོད་པའི་སྐད་ཆ་ཐོས།

        ༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་བགོ་བཤའ་རྒྱག་པའི་ཉིན་དེར། ང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་དབང་ཆ་ཞིག་བཟུང་བསྡད་ན། ཁ་ནས་བཤད་པ་དང་ལག་ལེན་བསྟར་བ་གཉིས་མ་མཐུན་པ་ཞིག་ཆཊ་ཀྱི་འདུག ངས་དེ་སྔོན་ཆོས་སྲིད་དབུ་ཁྲིད་སོ་སོར་དགོས་པ་སྤོབས་པའི་ཐོག་ནས་བཤད་བསྡད་པ་དེ་དངོས་སུ་ལག་ལེན་བསྟར་ཡོང་སྐབས། ད་ནི་ང་ལ་མུ་མཐུད་ཤུགས་ཆེན་པོས་བཤད་པའི་གོ་སྐབས་ཡོད་ཅེས་དགའ་སྤོབས་དང་བཅས་གསུངས་ཡོད་མོད། ད་བར་ཁོང་གི་ཐུགས་རེ་དེར་བརྩི་བཀུར་ཞུ་མཁན་བྱུང་མེད།     

        བརྒྱད་བརྒྱད་བརྒྱད་ནས་ཚུར་རྩིས་ན། ༸གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་བཞག་ནས་ལོ་གཅིག་དང་ཕྱེད་འགྲོ་བཞིན་ཡོད་ལ། སྲིད་སྐྱོང་མཆོག་གིས་གཞུང་གི་འགན་འཛིན་དང་ཆབ་སྲིད་མགོ་ཁྲིད་གཅིག་ལྕོག་འཁུར་ནས་ལོ་གཅིག་དང་ཕྱེད་ཕྱིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་མགོ་བྱེད་བཀའ་བློན་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག དེ་བཞིན་ཆབ་སྲིད་པ་སྒེར་བ་སོགས་༸གོང་ས་མཆོག་གང་ཞིག་ཏུ་ཆིབས་བསྒྱུར་བསྐྱངས་ན། དེའི་སྔ་རྗེས་སུ་འདུར་རྒྱུག་གིས་ཆབ་སྲིད་ལས་འགུལ་སྤེལ་བ་དང་སོ་སོའི་དབང་ལུང་ཁྱབ་བསྒྱུར་གྱི་གོ་སྐབས་འཚོལ་བཞིན་ཡོད། 

        ཆེས་མངོན་གསལ་ཞིག་ལ། བཀའ་ཤག་སྐབས་བཅུ་བཞི་བའི་ལས་འགན་བཞེས་པའི་ལོ་གཅིག་དང་ཕྱེད་རིང་། ༸གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཆིབས་བསྒྱུར་ནམ་བསྐྱང་ལ་སྲིད་སྐྱོང་མཆོག་ཀྱང་ལམ་ལ་ཆས་ཆས་པ་ཡིན། རྟ་རྒན་དྲིན་ལ་བན་རྒན་དབུས་ལ་སོང་ཞེས་པའི་དཔེ་ལྟར། ༸གོང་ས་མཆོག་གི་ཕེབས་ལམ་ནས་ཕྱི་རྒྱལ་གནད་ཡོད་མི་སྣར་ཐུག་འཕྲད་སྟབས་བདེ་དང་། བོད་མི་འདུ་འཛོམས་ཆེན་པོ་ཡོང་བ་བཅས་ཀྱིས་དབང་ལུང་ཁྱབ་བསྒྱུར་གྱི་ལམ་ཁ་ཇེ་བདེ་དང་གདུལ་བྱ་ཇེ་རྒྱས་ཡིན་སྲིད་མོད། ༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཐོག་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་ལ། ཁོང་གི་དེ་སྔོན་གྱི་ཐུགས་རེ་དང་ཐུགས་སྤོབས་མཐའ་དག་ཀྱང་ཇེ་ཆུང་ནས་ཇེ་ཞན་དུ་གཏོང་གི་ཡོད།  

        དོན་དངོས་ཐོག སྲིད་སྐྱོང་མཆོག་དེ་ལྟར་གཉའ་ཞུམ་དགོས་དོན་མེད། འོག་ནས་མི་མང་གིས་འོས་འདེམས་བྱས་ནས་ཡོང་བའི་དབུ་ཁྲིད་དང་། སྒང་ནས་ཏཱ་ལའི་བླ་མས་བཀའ་ཡིག་བཀའ་ཐམ་བསྩལ་བའི་དབང་ལྡན་གཅིག་པུ་དེ་ཡིན། ད་ནི་གཞུང་ཚོགས་སྒེར་གསུམ་གྱིས་ལུས་ཁོང་ལ་བསྙེ་རྒྱུ་མཚམས་འཇོག་དང་། ལག་ཁོང་ལ་བསྲིང་རྒྱུ་མཚམས་འཇོག ཁ་ཁོང་ལ་གཡར་རྒྱུ་མཚམས་འཇོག་བྱ་དགོས་ཀྱི་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply