དཔེ་ཀློག་རུལ་སུངས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་  སྟེང་གི་རྩོམ་སྒྲིག་པའི་གཏམ།

ངྷ་རམ་ས་ལའི་ཟ་ཁང་དང་ཇ་ཁང་ཁག་ཏུ་ཕྱི་རྒྱལ་བ་ཚོས་ཁུ་སིམ་སིམ་དེབ་ཀློག་གི་འདུག མགྲོན་ཁང་གི་ཁྱམས་རྭ་དང་གཙུག་ལག་ཁང་གི་ཆོས་རྭ། ངྷ་སའི་རི་ངོས་དང་ནགས་གསེབ་སོགས་ན་ཡང་དཔེ་དེབ་ཀློག་གི་འདུག རླངས་འཁོར་དང་གླ་འཁོར་ནང་འགྲོ་མཁན་ཚོས་ཀྱང་དུས་ཚོད་ནམ་རག་ལ་དེབ་ཁ་འབྱེད་ཀྱི་འདུག ཐ་ན་སྲིང་ལམ་ན་བྲེལ་ཚུབ་ཀྱིས་ཡར་འགྲོ་མར་འགྲོ་བྱེད་མཁན་ཚོའི་ལག་ཏུ་ཡང་དེབ་བཟུང་འདུག སྣང་ཚུལ་འདིས་ང་ལ་བསམ་གཞིགས་མང་པོ་ཞིག་མགོ་བོ་རྨང་ནས་བསླངས་སོང་།

            བོད་མི་ཚོ་ཡ་རབས་བཟང་སྤྱོད་ཅན་དུ་འབོད་ཀྱང་འདི་ལྟ་བུའི་དཔེ་ཀློག་གི་གོམས་གཤིས་ཡོད་དམ། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་མདུན་ལ་ཐོན་མཁན་ཆབ་སྲིད་པ་དང་ལས་འགུལ་བ་ཚོས་དཔེ་དེབ་ཀློག་གི་ཡོད་དམ། དུས་རབས་ཉི་ཤུའི་དུས་མགོར་རྒྱ་ནག་ནང་སུན་ཀྲུང་ཧྲན་གྱིས་གསར་བརྗེ་བསླངས་ཏེ། གསར་བརྗེས་དཔེ་ཀློག་མི་བརྗེད་པ་དང་དཔེ་ཀློག་གིས་གསར་བརྗེ་མི་བརྗེད་ ཅེས་པའི་འབོད་ཚིག་འོག མི་མང་དང་ལྷག་པར་དུ་མཐོ་རིམ་སློབ་ཕྲུག་ཚོར་སྐུལ་སློང་བྱས་ཏེ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་གསར་འཛུགས་ཐུབ་པ་བྱུང་ཡོད།

            བཙན་བྱོལ་བོད་མི་ཚོས་དུས་ཆེན་དང་དུས་དྲན་མང་ཐག་ཆོད་ཅིག་སྲུང་གཙི་བྱེད་ཀྱིན་ཡོད་ཀྱང་། ད་བར་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་ཏེ་འཛམ་གླིང་དཔེ་ཀློག་གི་ཉིན་མོ་སྲུང་གཙི་བྱས་མྱོང་མེད། བསམ་གཞིག་མི་བྱེད་པའི་མི་ནི་དུད་འགྲོ་དང་དཔེ་ཀློག་མི་བྱེད་པའི་མི་ནི་ཀླ་ཀློ་ཡིན་ཟེར་བ་བཞིན། ངྷ་སའི་ཆབ་སྲིད་བགྲོ་གླེང་དང་རིག་གནས་དཔྱད་གླེང་། མཛད་སྒོ་དང་ཚོགས་འདུ་ཁག་གི་གཏམ་བཤད་པ་ཚོས་ལད་ཟློས་དང་བསྐྱར་ཟློས་བྱས་ཏེ་བཤད་རྒྱུས་ཕོངས་འདུག་པ་འདིས། བཙན་བྱོལ་བོད་མིའི་ལས་ཀྱི་སྣེ་མོ་བ་དག་གི་ཤེས་ཡོན་གྱི་ངོ་ལོག་དང་དཔེ་ཀློག་གི་རུལ་སུངས་སྟོན་གྱི་ཡོད།

            རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དེ་བོད་ཕྱི་ནང་གཉིས་ཀྱི་མཁས་དབང་འཛོམ་ས་ཞིག་ཡིན། སྐབས་ཤིག་གི་བོད་ནས་ཕེབས་པའི་ཚོགས་བཅར་བ་ཞིག་གིས་འདི་ལྟར་བརྗོད་འདུག བོད་ཕྱི་ལོགས་ནས་ཕེབས་པའི་ཚོགས་བཅར་བ་དག་གིས་སྐད་ཡིག་མང་པོ་ཤེས་ཀྱི་འདུག དེ་ཡག་པོ་རེད། དེ་ནས་འགྲོ་སྟངས་དང་སྐད་ཆ་བཤད་སྟངས་ཀྱང་འདྲ་ཆགས་པོ་འདུག དེ་ཡང་དགོས་པ་ཞིག་རེད། དེ་ལས་གཞན་བོད་པའི་རིག་གནས་གཏིང་ཟབ་མོ་ཡོད་མཁན་ཕར་ཞོག དཔེ་ཀློག་ཡག་པོ་ཡོད་མཁན་ཞིག་ཀྱང་ཨེ་ཡོད་ན་སྙམ་པའི་མཐོང་ཚུལ་བྱུང་སོངཞེས་བརྗོད་འདུག  

            སྤྱིར་བཙན་བྱོལ་ནང་མཁས་པ་མེད་པ་མིན་ལ། བོད་རིག་པའི་མཁས་པ་ཡང་མང་པོ་ཡོད། ཁ་ཐོགས་ཚད་མཁས་པ་དང་ལག་ཐོགས་ཚད་རྩོམ་པ་པོ་ཡིན་ཟེར་མཁན་སྤྱི་ཚོགས་ཤིག་གི་ངོས་ནས་གླེང་ན། སྤྱི་ཚོགས་ཀྱི་སྡིངས་ཆ་མང་པོར་བཤད་ལོབས་གཏམ་གོམས་སུ་སོང་སྟེ་མཁས་མིང་འབད་མེད་དུ་རག་པ་རྐྱང་ལས། བསམ་བློའི་ནུས་པ་བཙོ་སྦྱངས་བྱས་པའི་ཚུགས་ཐུབ་ཀྱི་བསམ་བློ་བ་ཕར་ཞོག དཔེ་ཀློག་གི་ཁམས་ཆེན་པོ་ཉུལ་ཏེ་སྐད་ཆའི་སྒྱུ་རྩལ་དང་ལུང་རིགས་ལྕགས་ཀྱུས་མི་སེམས་འགུག་པའི་སྤྱི་ཚོགས་སྣེ་ཁྲིད་པ་ཉིན་མོའི་སྐར་མ་ཙམ་ཡིན།    

            དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་བཙན་བྱོལ་སྤྱི་ཚོགས་ཁྲོད་མཁས་པའི་ཆོ་ལོ་རག་མྱོང་མཁན་དང་། སྐབས་དེར་དགེ་རྒན་དང་ཤེས་ཡོན་སྡེ་ཚན་དག་ཏུ་ཕྱག་ལས་གནང་མཁན་ཚོ་རིམ་གྱིས་ཕྱི་རྒྱལ་ཁག་ཏུ་འཕུར་ཟིན་ཡང་། མི་མང་གི་སེམས་ངོས་ན་ད་དུང་ཁོང་ཅག་མཁས་དབང་དང་རླབས་ཆེན་ཡིན་མོད། དོན་དངོས་ཐོག་དེ་དག་གིས་ཀྱང་ཟླ་གཅིག་ལ་དེབ་གཅིག་ཀློག་གི་ཡོད་མེད་དོགས་རེད་ལ། ལོ་གཅིག་ལ་རྩོམ་གཅིག་འབྲི་ཐུབ་མིན་ཡང་ཐེ་ཚོམ་ཉིད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply