འབུ་ཡི་ཆེད་དུ་སྤུན་བསད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་པ་ཚང་འདི་གནའ་སྔ་མོ་ནས་ཕྱི་འཛིང་ལས་ནང་འཛིང་ལ་རྔམ་པ་དང་ཕྱི་དགྲ་ལས་ནང་དགྲའི་ཐོག་བརྣག་མཁན་ཞིག་ཡིན་ཚོད་འདུག བཙན་པོའི་རྒྱལ་རབས་སྐབས་སུ་ཤར་ཕྱོགས་རྒྱ་དང་ནུབ་ཕྱོགས་འཕགས་བལ་སོགས་ལ་དམག་དཔུང་དྲངས་པའི་ལོ་རྒྱུས་དམ་དུམ་རེ་ཡོད་མོད། ནང་འཁྲུག་ཁྲག་གི་འཁོར་ལོ་བསྐོར་བའི་གནའ་གཏམ་དང་ལྷ་སྒྲུང་། ངག་རྒྱུན་སོགས་བགྲང་གིས་མི་ལངས། ས་ཕག་རིན་གཙང་སྐབས་སུ་ཡང་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་པའི་ཚབ་ཏུ་ཆོས་ལུགས་གྲུབ་མཐའི་རྩོད་རྙོག་གི་འཕེལ་ཁ་དར་ཏེ་སེར་དམག་སྐྱ་དམག་གིས་རི་ལུང་ཁེངས་ཤིང་གནམ་ས་གཡོ་བར་བྱས་པའི་རི་མོ་ད་ལྟ་ད་དུང་གནས་ཡོད།

ལོ་རབས་བརྒྱད་ཅུ་དགུ་བཅུར་བོད་ནང་ཁུལ་དུ་རྐུ་འཕྲོག་བཅོམ་གསུམ་དར། ལོ་རབས་དགུ་བཅུ་ཙམ་ནས་ས་རྩོད་ཆུ་རྩོད་ཀྱིས་དུས་ཚོད་བསྐྱལ་ཡོད། དགུ་ཅུ་གོ་གྲངས་ནང་༧གོང་ས་མཆོག་གིས་བོད་པའི་འབྲོག་ཁུལ་རེ་ཟུང་ནང་རྩྭ་ཆུའི་ཐོབ་ཐང་གི་གནས་ཚུལ་ཆུང་ཚགས་ཐོག བོད་པ་ནང་ཁུལ་དམ་ཚིག་མི་གཙང་པ་དང་གསོད་རེས་བྱས་པའི་གནས་ཚུལ་ཡོང་གི་འདུག ད་ལྟ་བོད་གངས་ཅན་སྤྱིའི་གནས་བབ་གང་འདྲ་ཆགས་ཡོད། གནས་སྟངས་འདིའི་འོག་ནས་བོད་པ་ནང་ཁུལ་འདི་ལྟར་བྱས་ན་ཧ་ཅང་བློ་ཕམ་རེད། ང་ཚོ་ཚང་མ་མ་ཎི་བགྲང་མཁན་དང་རྩམ་པ་ཟ་མཁན་གཅིག་གྱུར་རེད་ཅེས་ཐུགས་ཕམ་མཛད་ཡོད།  

        ཉིས་སྟོང་ལོའི་རྗེས་སུ་བོད་མི་ཚོའི་རྩོད་གཞིར་འགྱུར་བ་ཐེབས་ཏེ། དབྱར་རྩྭ་དགུན་འབུའི་ཆེད་དུ་དམར་འཛིང་གསར་པ་བརྩམས་ཡོད། བོད་ཟླ་བཞི་པ་ལྔ་པ་འདི་མདོ་དབུས་ཁམས་གསུམ་ནང་དབྱར་རྩྭ་དགུན་འབུ་རྐོ་རྒྱུར་ཚ་ཚ་འུར་འུར་བྱེད་པའི་དུས་སྐབས་ཤིག་ཡིན། དབྱར་རྩྭ་དགུན་འབུའི་རིན་གོང་ལོ་རེ་བཞིན་ཇེ་མཐོ་དང་། བོད་མི་ཚོའི་ཧམ་སེམས་ཀྱང་ལོ་རེ་བཞིན་ཇེ་ཆེར་སོང་། དཔལ་འབྱོར་འགྲན་རྩོད་ཁྲོད་སྤུན་ཟླའི་མཛའ་བརྩེ་དང་མི་རིགས་ཀྱི་ལ་ཞེན་ཉམས་རྒུད་དུ་སོང་། ལུང་པ་དང་གྲོང་པ། རི་སྐོར་དང་མི་སྒེར་ཕན་ཚུན་བར་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་བརྒྱབ་སྟེ་འབུ་དང་ས་ཡི་ཆེད་དུ་སྤུན་ཟླ་དམར་གསོད་བྱས།

        ད་ལོ་སླར་ཡང་༧གོང་ས་མཆོག་གིས་འདི་ལྟར་བཀའ་གནང་འདུག ད་ལམ་ཡང་ས་ཁུལ་འགའ་རེར་དབྱར་རྩྭ་དགུན་འབུ་རྐོ་ཡུལ་ས་ཆའི་ཐོག་ནས་རྩོད་རྙོག་ལྷགས་ཏེ་ཡུལ་ལུང་ཤོག་སྒྲིལ་གྱི་ཛ་དྲག་ཉེན་ཁའི་གནས་ཚུལ་ཐོས་པར་བློ་ཕམ་བྱུང་། འཚེ་བའི་ལས་ནི་མཆོག་གསུམ་སྐྱབས་སུ་བཟུང་ཞིང་། འདི་ཕྱིའི་ལས་འབྲས་ཁས་ལེན་མཁན་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་ཡོངས་སུ་འགལ་བ་དང་། ཡང་སྒོས་ངོས་ནས་བོད་གངས་ཅན་གྱི་ལྗོངས་འདི་འཚེ་མེད་ཞི་བའི་མི་སྡེའི་སྤྱི་ཚོགས་ཤིག་བསྐྲུན་ཆེད་འབད་བརྩོན་བྱེད་མུས་སུ་ཡོད་པ་འདི་དང་མི་མཐུན་པ་ཤེས་གསལ་ཡིན། དེས་ན་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྲོ་གཞིའི་ཐབས་སྡུག་གི་བྱ་བ་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཞེས་ཐུགས་རྒྱལ་ཡང་བཞེངས་ཡོད།

        ས་བྱི་ཞི་རྒོལ་ཆེན་མོའི་ཚུན་གྱི་ན་ནིང་གཞེས་ནིང་ལོར་བོད་ནང་རྩྭ་ས་རྩོད་གླེང་ཉུང་དུ་ཕྱིན་འདུག་ཟེར། རང་ལུས་འདོམ་གང་རང་ལ་མ་བདག་སྔོན་ལ་ཕ་རིའི་རི་ཆུ་ནགས་གསུམ་བདག་ཐབས་མེད་པ་ཤེས་འདུག་ཟེར། འོན་ཀྱང་བོད་ནང་གི་ལུང་པ་རེ་ཟུང་ནང་དབྱར་རྩྭ་དགུན་འབུའི་རིན་གོང་ཡར་འཕར་བ་དང་མཉམ་དུ་བོད་རིགས་སྤུན་ཟླའི་མཛའ་བརྩེ་མར་ལྷུང་གི་ཡོད་པ་དང་། ས་བྱི་ཞི་རྒོལ་ཆེན་མོ་དང་ལྕགས་ཡོས་བཙན་རྒོལ་མེ་ལྕེ་སོགས་གཏིང་བརྗེད་དུ་སོང་ནས་གྲི་དང་མེ་མདའ་ནང་ལ་སྐོར་མགོ་བརྩམས་ཏེ། ཀླད་མེད་བླུན་རྟགས་གླིང་ལ་འཇོག་གི་ཡོད་པ་འདི་ཡང་འུ་ཅག་བོད་པ་ཚང་གིས་བསམ་པ་བསགས་པ་གང་ཞིག་མ་འགྲིག་པའི་ཉེར་ལེན་ལོས་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply