ལས་འགུལ་གསར་པ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༩༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་སྔོན་རྒྱ་གཞུང་གིས་མཚོ་སྔོན་གྱི་དགོན་སྡེ་ཁག་ཅིག་ནས་མགོ་བཙུགས་ཏེ་ལྷ་སའི་དགའ་ལྡན་དགོན་པ་དང་དཀར་མཛེས་སོགས་སུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་པ་དང་ཁོང་ལ་མཚན་སྨོད་མི་ཞུ་རྒྱུ། དགོན་པའི་འབྲེལ་ཡོད་ཀྱི་བཀའ་འཁྲོལ་མེད་པར་གཞུང་གི་ཉེན་རྟོག་པ་དང་དམག་མི་དགོན་ནང་ལ་མི་འཛུལ་རྒྱུ་བཅས་ཀྱི་ཡིག་ཆ་ཞིག་བསྒྲགས་པའི་གནས་ཚུལ་རབ་རིབ་ཅིག་འཐོན་ཡོད། ཡིག་ཆའི་ཨ་མ་སུས་ཀྱང་མཐོང་མེད་ལ་ནང་དོན་ཐག་གཅོད་བྱེད་མཁན་སུ་ཡིན་ཡང་ཤེས་མེད་མོད། བོད་པས་སྐུ་པར་སྒྲིག་གཤོམ་དང་རྒྱ་མིས་སྐུ་པར་བཀག་སྡོམ་གྱི་བར་ནས་འཚེ་མེད་ཞི་བའི་ལས་འགུལ་གསར་པ་ཞིག་གི་རྩ་བ་ཚུགས་ཡོད།    

        གསལ་ལ་མི་གསལ་བའི་གནས་ཚུལ་དེས་བོད་ཕྱི་ནང་གཉིས་ཀ་འུར་ལོང་སེར་བཏང་ཞིང་། ཨ་རི་དང་དབྱིན་ཡུལ། ཡུ་རོབ་སོགས་ཀྱི་གསར་ལམ་ཆེ་ཁག་འགས་ཀྱང་གླེང་སློང་བྱས། གནས་ཚུལ་དེས་སྲིད་དོན་དབྱེ་ཞིབ་པ་དང་བོད་དོན་ཐུགས་སྣང་ཅན་ཚོར་རྒྱ་ནག་ལ་བསྐྱར་དུ་གདེང་འཇོག་དང་། བོད་རྒྱའི་དཀའ་རྙོག་ཐོག་བསྐྱར་དུ་བསམ་གཞིག་བྱེད་དགོས་བྱུང་ཡོད། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་བཟང་ལྟས་སུ་འདོད་མཁན་ཁག་ཅིག་དང་ཡིད་ཆེས་མེད་སྐོར་རྗོད་མཁན་རིགས་ཤིག་བྱུང་ཡོད་མོད། ཡོ་ལང་དེར་སྲིད་བྱུས་ཀྱི་ངོས་ནས་གདེང་འཇོག་དཀའ་ཡང་ལས་འགུལ་གྱི་ཐད་ནས་རིན་གོང་འཕར་ཡོད།

        བོད་པའི་སྤྱི་ཚོགས་ལ་ཡིག་འཁྱམ་དང་གཏམ་འཁྱར་འདི་རིགས་ཀྱིས་རྩེད་མོ་རྩེ་བ་ཐེངས་གཅིག་མིན། ལོ་འགའི་སྔོན་༧གོང་ས་མཆོག་སྐུ་འབུམ་དགོན་པར་ཞབས་སོར་བཀོད་པའི་དཀྲོག་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གི་ཨོ་རྩེད་ལམ་ལྷོངས་འབྱུང་མིན་ལ་སྔོན་དཔག་བྱས་ཡོད་ལ། ད་རེབ་སླར་ཡང་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་ཇུས་འོག་ནས་རང་སྲེག་གི་མེ་ལྕེ་ཞི་འཇགས་སུ་འགྲོ་ཐབས་ལ་སྤྱི་ཚོགས་དྲ་འབྲེལ་ཁག་ཅིག་བརྒྱུད་དེ་བོད་མི་ཚོར་ཚོད་ལྟ་ཐེངས་གཉིས་པ་བྱས་ཡོད་མོད། རྒྱ་གཞུང་གིས་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། གནས་ཚུལ་དེའི་སྐོར་གྱི་རྩོད་གླེང་མགོ་མ་ཡལ་སྔོན་ལ་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་ཆེད་ཉེས་རྡུང་དང་འཛིན་བཟུང་མགོ་འཛུགས་བྱས་པའི་གནས་ཚུལ་ཐོན་ཡོད།

        ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི། གནམ་བདེ་སྒོ་མོ་ཆེའི་ཁང་ཆེན་མདུན་ངོས་སུ་མའོ་ཙེ་ཏུང་གི་སྐུ་པར་བཀལ་ཉིན་ནས་རྒྱ་གཞུང་གི་མངའ་ཁོངས་དང་དམར་ཤོག་གི་ལྟ་བའི་འོག་ཏུ། རང་དབང་བརྩོན་ལེན་པ་དང་དམངས་གཙོ་དོན་གཉེར་བ་ཚོའི་སྐུ་པར་གནས་ཐབས་མེད་པ་ཆགས་པ་དང་། ཆབ་སྲིད་པ་དང་ཆོས་ལུགས་པ་སྐོར་ཞིག་གི་སྐུ་པར་ཡང་མཐོང་དཀོན་པོར་གྱུར་བ་དེ་ཡིན། དགུ་བཅུ་གོ་གྲངས་ནས་ལྷ་སར་༧གོང་ས་མཆོག་གི་སྐུ་པར་བཀག་སྡོམ་བྱས་ཏེ། གྲོང་ཁྱེར་གྱི་གནད་ས་ཁག་ཏུ་མའོ་དང་ཏུན་སོགས་ཀྱི་སྐུ་པར་བཞག་ཅིང་། སྔར་ལོ་ནས་སེ་འབྲས་དགའ་གསུམ་གཙོས་པའི་དགོན་སྡེ་ཁག་ནང་ཡོད་དགོས་པ་དགུའི་གྲས་སུ་གྲྭ་ཤག་ཁག་ཏུ་རྒྱ་གཞུང་གི་མགོ་ཁྲིད་རིམ་བྱོན་གྱི་སྐུ་པར་ཡོད་དགོས། 

        ༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་མིན་གྱི་གནས་ཚུལ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་གི་ཁ་ཕྱོགས་འཚོལ་བཞིན་པ་འདིས། བོད་དོན་འཐབ་རྩོད་ཀྱི་གནས་ཚད་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ལྕི་བབ་གསལ་ཡང་། ད་ལྟ་སྐུ་པར་འདིས་བོད་མི་ཚོའི་དད་འདུན་མཚོན་པ་ནས་མངོན་འདོད་དང་ཆིག་སྒྲིལ་མཚོན་པའི་འཚེ་མེད་ཞི་བའི་ལས་འགུལ་གསར་པ་ཞིག་ཆགས་ཡོད། ལས་འགུལ་འདིར་ཐོག་མ་ཇུས་འགོད་དང་བརྒྱུད་སྐུལ་བྱེད་མཁན་རྒྱ་གཞུང་ཡིན་ལ། ལས་འགུལ་འདིར་ཆབ་སྲིད་ཀྱི་ཆེ་མཐོང་དང་ངོ་རྒོལ་གྱི་རིན་ཐང་སྤྲོད་མཁན་ཡང་རྒྱ་གཞུང་ཡིན། ད་ལྟ་བོད་ནང་གི་དགོན་གྲོང་གཉིས་སུ་ཆོས་ཀྱི་བྱེད་སྒོ་ཁག་ཨ་ཅང་ཅང་། རི་མགོའི་ལྷ་བསང་གཏོང་ས་དང་སྤང་ཁར་དབྱར་སྐྱིད་རྒྱག་ཡུལ། མནའ་མ་མག་པ་བསུ་བའི་སྟོན་མོ་སོགས་སུ་ཡང་འཚེ་མེད་ཞི་བའི་ལས་འགུལ་འདི་སྤེལ་བཞིན་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply