མགོ་ཉོག་བཟོ་སྟངས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་ཕྱི་ནང་གཉིས་ན་གསོན་པོ་རྒྱུ་དང་ཤི་བོ་ཆོས་བཞིན་བོད་རྒྱ་འབྲེལ་མོལ་ལ་སྒུག་ཡོད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཚོགས་ཐེངས་རེར་འབྲེལ་མོལ་སྐུ་ཚབ་སུ་ཕེབས་ལ་ཉན་ཡོད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་རྒྱ་ནག་དང་ཐད་ཀའི་འབྲེལ་ལམ་མགོ་རང་ཉིད་ཀྱིས་བཙུགས་ཏེ་མཇུག་ཀྱང་རང་ཉིད་ཀྱིས་བསྡུས་ཡོད། ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་ལ་བརྟེན་ཏེ་འབྲེལ་ལམ་ཆད་མཐུད་ཐེངས་གཉིས་བྱུང་བ་བརྒྱུད། ཕན་ཚུན་བར་ཁ་རྩོད་ཁོང་ཁྲོ་དྲག་པོའི་ཁྲོད་ནས་ཕྱོགས་གཉིས་ཀྱི་བསམ་འདུན་ཁ་གསལ་གཏིང་གསལ་བཟོས་པ་འདི་ཡང་སྡུག་ས་ནས་གྲུབ་འབྲས་ཤིག་ཏུ་བགྲང་དགོས།

ཉིས་སྟོང་བཅུ་ལོར་བོད་རྒྱའི་འབྲེལ་ལམ་ཆད་རྗེས་ལོ་ངོ་གསུམ་ལྷག་ཚོད་ཚོད་ལ་ཕྱིན་སོང་། འདས་པའི་ལོ་གཉིས་རིང་བཀའ་ཤག་གིས་བོད་པ་ནང་ཁུལ་དུ། ཕྱི་ཡི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་ཟེར་བ་བརྒྱ་ཚར་དང་། ཕྱི་རྒྱལ་གསར་ལམ་ཁག་ཏུ་ང་ཚོས་ས་གང་ཞིག་ཏུ་དུས་ནམ་ཞིག་ལ་འབྲེལ་མོལ་བྱེད་དགོས་ཀྱང་གྲ་སྒྲིག་ཨང་གསར་ཡོད་ཅེས་སྟོང་ཚར་སྐྱོར་ཡོད། འོན་ཀྱང་བོད་དོན་འཐབ་རྩོད་ཐོག་ཐུགས་སྣང་ཅན་དང་། ངྷ་རམ་ས་ལར་ནང་རྒྱུས་ཡོད་མཁན་ཚོས་སེམས་པ་གནད་དུ་ཕབ་སྟེ་བསམ་བློ་ནན་གྱིས་བཏང་ན། བཀའ་ཤག་གི་བཀའ་མོལ་དེ་གཉིས་ནང་དོན་སྟོང་པ་ཉིད་ཡིན་པ་གསལ་བོར་རྟོགས་ཐུབ།

        དེང་སྐབས་མང་ཚོགས་དཀྱུས་མ་ཚོ་བོད་རྒྱའི་འབྲེལ་མོལ་ཐད་མགོ་འཐོམ་བསྡད་ཡོད། སྲིད་སྐྱོང་མཆོག་གིས་སྐྱོར་བཞིན་པའི་ནང་གི་དོན་སྙིང་ཟེར་བ་དེ་གང་ལ་ངོས་འཛིན་བྱེད་དགོས་སམ། བོད་རྒྱ་འབྲེལ་མོལ་ཐོག་ཕྱི་ན་རྣམ་པ་མེད་པར་ནང་ན་དོན་སྙིང་ཅི་ཞིག་ཇི་ལྟར་སྒྲུབ་ཀྱིན་ཡོད་པ་དང་། ཡང་ན། བཀའ་ཤག་བཅུ་བཞི་པས་བོད་རྒྱ་འབྲེལ་མོལ་ལས་ལྷག་གི་ལས་དོན་གང་ཞིག་ནང་གི་དོན་སྙིང་གལ་ཆེན་དུ་བརྩིས་ཏེ་འབུར་དུ་ཐོན་པའི་གྲུབ་འབྲས་ཅི་ཞིག་བླངས་ཡོད་དམ།

        བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་མ་ཐུབ་པར་ལྷག་པ་དང་། འབྲེལ་མོལ་སྐུ་ཚབ་བསྐོ་འཛུགས་མ་བྱུང་པར་ལུས་པ་འདི་ལས་ལྷག་གི་དོན་སྙིང་གལ་ཆེན་གཞན་ཞིག་བསྒྲུབ་རྒྱུ་བཙན་བྱོལ་བོད་པ་ཚོར་ལྷག་མེད་ལ། ༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་འབྲེལ་མོལ་སྐུ་ཚབ་མེད་པར། བོད་དོན་གྲོས་ལ་དབང་བའི་གང་ཟག་སུ་གང་ད་སྔ་བཙན་བྱོལ་ནང་གྲ་སྒྲིག་བྱས་མེད། གལ་སྲིད་ཡོད་པའི་དབང་དུ་བྱས་ཀྱང་བོད་མི་མང་གིས་ངོས་ལེན་བྱེད་པ་ཕར་ཞོག་རྒྱ་ནག་གཞུང་གིས་ཀྱང་ངོས་ལེན་བྱེད་འཆར་མེད་པའི་རྣམ་འགྱུར་སྔར་ནས་འཐོན་ཡོད།       

        ད་ལོའི་འཁྲུངས་སྐར་གྱི་བཀའ་ཤག་གཏམ་བཤད་ནང་། བཀའ་ཤག་བཅུ་བཞི་པས་ཐོག་མར་ནུས་ཤུགས་ཕྱོགས་བསྒྲིལ་དང་བར་དུ་བོད་དོན་ལས་འགུལ། ད་ལྟ་མཐའ་མའི་བོད་རྒྱ་འབྲེལ་མོལ་ཐོག་བབ་ཡོད་ཟེར། སྲིད་སྐྱོང་སྒེར་ངོས་ནས་ཀྱང་ཚོགས་འདུ་དང་གསར་ལམ་ཁག་ཏུ་གང་མགྱོགས་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་ཏེ་སྐུ་ཚབ་གསར་འདེམས་དང་དང་འབྲེལ་ལམ་བསྐྱར་མཐུད་ཐོག་གོ་བསྡུར་གནང་རྒྱུ་ཡིན་ཚུལ་གླེང་ཡོད། པེ་ཅིན་གཞུང་གི་གྲངས་ཀ་ཅན་གྱི་ཆ་རྐྱེན་དེ་དག་དང་། ངྷ་སའི་གཞུང་གི་མུ་འབྲེལ་ཅན་གྱི་རི་མོ་འདི་དག་གིས་རྒྱ་ཆེའི་མི་མང་མགོ་རྨོངས་མ་བཟོ་རོགས།  

        འབྱུང་འགྱུར་ཕྱི་ཟླ་དགུ་བའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་དྲུག་པ་དང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་འཆར་ཡོད། ད་རེབ་བཀའ་ཤག་བཅུ་བཞི་པས་མ་མཐར་ཡང་བཟང་སྤྱོད་ཀྱི་ཐོག་ནས་གནད་དོན་དེ་གཉིས་ཐད་འཛམ་གླིང་མི་མང་ལ་དྲང་བཤད་དང་། བོད་གཞིས་བྱེས་རྒྱ་ཆེའི་མི་མང་ལ་ཟོལ་སྦྱོར་མེད་པར་གསལ་བཤད་ཅིག་ངེས་པར་དུ་བྱེད་པའི་དུས་ལ་བསླེབས་པའི་མི་ཚད་འཕྱི་བཞིན་ཡོད།    

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply