ཐོབ་ཐང་དོར་ཡང་ལས་འགན་བསྒྲུབ་དགོས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

གནའ་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་གར་མི་སེར་ལག་འཁྱེར་བཟོས་ཡོད་མཁན་མང་པོ་ཡོད། དེ་དག་ཁྲོད་མི་མང་དཀྱུས་མ་དང་གཞུང་ཞབས་ལས་བྱེད། བླ་མ་གྲྭ་བ་དང་ཚོང་པ་མཁས་པ་སོགས་ཀྱང་མང་པོ་ཡོད་རབས་ཐོས་ལ། ཁོ་ཚོས་རྒྱ་གར་མི་སེར་བཟོ་སྟངས་ཀྱང་ཁྲིམས་འགལ་ཁྲིམས་མཐུན་ཅི་རིགས་ཡིན་ཚོད་འདུག རྒྱ་གར་མི་སེར་བཟོས་པའི་སྒང་ལ་ཨ་རི་དང་ཡུ་རོབ་སོགས་མི་གཅིག་ལ་རྒྱལ་ཁབ་གཉིས་དང་གསུམ་གྱི་ལག་འཁྱེར་ཡོད་མཁན་ཡང་ཉུང་ཉུང་མིན། ཐ་ན་རྒྱ་ནག་གི་མི་སེར་བཟོ་རྒྱུར་འབད་བརྩོན་བྱེད་མཁན་ཡང་བྱུང་དང་འབྱུང་བཞིན་ཡོད་པའི་གཏམ་ཡན་ཞིག་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་གྲགས་ཆགས་ཡོད།  

        བོད་མི་མང་པོ་ཞིག་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་ལ་ཐོག་མར་འབྱོར་སྐབས། བོད་གཞུང་ལ་བོད་མི་ཚོ་རྒྱལ་ཁབ་གཞན་གྱི་མི་ཁོངས་སུ་ཞུགས་ན་འགྲིག་དང་མི་འགྲིག་གི་སྲིད་བྱུས་ཁ་གསལ་མེད་ཀྱང་། བྱེད་ཕྱོགས་ཀྱི་ཐོག་ཏུ་ཤུགས་དང་བརྒྱུད་ནས་རྒྱལ་ཁབ་གཞན་དུ་འགྲོ་བ་དང་མི་རིགས་གཞན་ཁོངས་འཛུལ་རྒྱུར་བཀག་འགོག་བྱས་རབས་འདུག རྒྱ་གར་ནང་ལ་མཚོན་ན། དེ་སྔ་བོད་མི་མང་ཆེ་བས་རང་དོན་རང་གཅེས་ཀྱིས་བོད་པ་སྐྱབས་བཅོལ་བའི་ངོ་བོར་བསྡད་དེ་བོད་དོན་བདེན་མཐའ་གསལ་ཉིན་ཕྱིར་བོད་ནང་ལོག་རྒྱུའི་ཆོད་སེམས་ལ་ཉམས་པ་མེད་པར་ད་ལྟའི་བར་གནས་ཡོད། 

        དེང་གི་མི་རབས་གསར་པ་ཚོར་མཚོན་ན། དེ་ནི་ཧ་ཅང་ཡིད་འགུལ་ཐེབས་པའི་ལྷ་སྒྲུང་རང་བཞིན་གྱི་དངོས་སྒྲུང་ཞིག་ཡིན་ལ། ཆབ་སྲིད་ཐད་ནས་ཀྱང་དཔྱད་འཇོག་གི་རིན་ཐང་ཆེན་པོ་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་མི་སྐྱབས་བཅོལ་བ་ཚོ་རྒྱལ་ཁབ་གཞན་གྱི་མི་སེར་བཟོ་རྒྱུར་ཆ་རྐྱེན་སྐྲུན་ཡོད་ལ། རྒྱལ་ཁབ་གཞན་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་ཏུ་ཡང་། ལོ་བཅུ་དང་ཉི་ཤུ་དུས་བཅད་ལྟར་ཡུལ་ལུང་གཞན་ནས་ཡོང་བའི་སྐྱབས་བཅོལ་བ་ཚོ་རིམ་བཞིན་རྒྱལ་ཁབ་དེའི་མི་སེར་བཟོ་རྒྱུའི་གོ་སྐབས་སྤྲད་ཡོད་སྟབས། ང་ཚོས་ཀྱང་སྐབས་བསྟུན་བབ་སྤྱོད་ཀྱི་གྲ་སྒྲིག་གསར་པ་བྱེད་དགོས།

        སྤྱིར་སྐྱབས་བཅོལ་བོད་མི་ཚོས་རྒྱལ་ཁབ་གཞན་གྱི་མི་སེར་བཟོས་ན་དགེ་སྐྱོན་གཉིས་ཀ་ཡོད་མོད། ད་ལྟའི་དུས་ཚོད་དང་གནས་སྟངས་གང་ཐད་ནས་གླེང་ཡང་། སྐྱོན་ལས་དགེ་ཆེ་བར་ངོས་འཛིན་མི་བྱེད་ཐབས་མེད་ཆགས་ཡོད། ཨ་རི་དང་ཡུ་རོབ་སོགས་ཕྱི་རྒྱལ་ཁག་གི་བོད་མི་ཚོས་ཡུལ་ལུང་དེ་དག་གི་མི་སེར་བཟོས་ཡོད་ཀྱང་། བོད་པའི་རྩ་དོན་འཐབ་རྩོད་དང་བོད་མིར་སྐྱིད་སྡུག་མཉམ་མྱོང་། བོད་པའི་ལ་རྒྱ་ཞེན་ཁོག་མུ་མཐུད་གནས་ཡོད། རྒྱ་གར་ནང་གི་བོད་མི་ཚོས་ཀྱང་རྒྱ་གར་མི་སེར་བཟོས་ན། མི་སྒེར་གྱི་གོ་སྐབས་དང་ཁེ་ཕན་མང་པོར་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆར་བོད་དོན་བསྒྲུབ་རྒྱུའི་གོ་སྐབས་ཇེ་མང་དུ་འགྲོ་ངེས་ཡིན་ལ། ད་ལྟ་དཀའ་ཉེན་ལ་འཕྲད་བཞིན་པའི་གཞིས་ཆགས་སྲ་བརྟན་ཟེར་བ་དེར་ཡང་ནུས་པ་གསར་པ་ཐོན་ཏེ་གསོན་ཤུགས་གསར་པ་རྒྱས་སྲིད།   

        ད་ལྟ་སྐྱབས་བཅོལ་བོད་མི་སུ་ཞིག་གིས་ཡུལ་ལུང་གང་ཞིག་གི་མི་སེར་བཟོས་ན་ལེགས་མིན་གཙོ་བོ་མིན་པར། བོད་པ་གང་ན་སུ་ཡོད་དག་གིས་བཅའ་ཁྲིམས་ཀྱིས་བསྐུར་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མིན་དང་། བསྒྲུབ་པའི་སེམས་ཤུགས་ཡོད་མེད་གཙོ་བོ་ཡིན། བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད་དང་། བོད་པའི་ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་ཉམས་ལེན། བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན། དཔྱ་ཁྲལ་སྒྲུབ་འབུལ། བོད་མིའི་སྒྲིག་འཛུགས་དང་མང་ཚོགས་ལ་ཛ་དྲག་གནས་ཚུལ་བྱུང་སྐབས། ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་དགོས་ཟེར་བ་འདི་དག་ཚུལ་དང་ལྡན་པར་བསྒྲུབས་ཏེ་མིག་གི་རྣོ་བཞིན་སྲུང་དགོས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply