བསམ་བློའི་བར་སྟོང་།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

དུས་རབས་ཀྱི་འཕེལ་འགྲོས་དང་བརྡ་འཕྲིན་གྱི་གསར་བརྗེ་ལ་བརྟེན་ཏེ་སའི་གོ་ལ་ཇེ་ཆུང་དུ་འགྲོ་བཞིན་ཡོད་པའི་སྐབས་འདིར། བོད་གཞིས་པ་དང་བྱེས་པའི་སེམས་པའི་ངོས་དང་གཤིས་ཀའི་ཟུར་ཞིག་ན་སུས་ཀྱང་མ་བཟོས་གང་གིས་མ་ལན་པའི་བར་སྟོང་ཞིག་རྒྱ་ཇེ་ཆེ་ནས་གཏིང་ཇེ་རིང་དུ་འགྲོ་བཞིན་ཡོད་པའི་ཚོར་སྣང་ཡོང་གི་འདུག

            དེང་སྐབས་བོད་ནང་འབྲེལ་བ་བྱེད་སྐབས་ལོ་བཅུ་གྲངས་གོང་དང་བསྡུར་ན། ཕྱོགས་མང་པོ་ཞིག་ཏུ་བོད་ཕྱི་ནང་གཉིས་ལ་གནམ་ས་ལྟ་བུའི་བར་སྟོང་ཞིག་ལྷག་གི་ཡོད་པ་དང་། ལོ་གཅིག་གཉིས་གོང་དང་བསྡུར་ཡང་དཔག་ཚད་བརྒྱ་ཕྲག་གི་བར་སྟོང་ཞིག་ཆད་ནས་འགྲོ་བཞིན་ཡོད་པའི་ཚོར་སྣང་བྱུང་སོང་། དེ་ནི་གཞིས་པ་དང་བྱེས་པའི་དགའ་མོས་ཀྱི་བར་སྟོང་དང་རེ་འདུན་གྱི་བར་སྟོང་། མཛེས་དཔྱོད་ཀྱི་བར་སྟོང་། མདོ་བསྡུས་ན། སྤྱི་ཚོགས་འཕོ་འགྱུར་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་ལས་བརྒལ་ཏེ། ཕྱོགས་གཉིས་ཀའི་བསམ་བློའི་འཁྱེར་སོ་དང་འདོད་འདུན་གཏོང་ཕྱོགས་ཐད་བར་སྟོང་ཆེན་པོ་ཞིག་ཆད་ནས་འགྲོ་བཞིན་འདུག 

            བོད་པའི་རྩ་དོན་ཐོག བཙན་བྱོལ་སྤྱི་ཚོགས་ནང་གི་སྲིད་དོན་པ་ཚོས་བོད་ནང་གི་བོད་མི་ཚོའི་ལྷག་བསམ་སྙིང་སྟོབས་དང་ལ་ཞེན་སེམས་ཤུགས། དད་པ་དམ་ཚིག་གཡོ་བ་མེད་པར་གནས་ཡོད་ཅེས་འཚོགས་ས་འདུ་ས་དག་ན་སྐད་གསང་མཐོན་པོས་མ་ཎི་བཞིན་བགྲང་གི་ཡོད་པ་དེ་དག་དངོས་འབྲེལ་རེད་ལ། ད་དུང་འདི་ནས་བཤད་པ་དང་འདི་ནས་བསམ་པ་ལས་ཀྱང་ལྷག་གི་གཞིས་པའི་ཆོད་སེམས་དང་བློ་སྟོབས་ཆེ་ཞིང་། དད་འདུན་དང་ཕུགས་བསམ་བརྟན་པོ་འཁྱེར་ནས་མདུན་སྐྱོད་དང་གདོང་མཆོངས་བྱེད་ཀྱིན་འདུག

            ཐོག་མ་བོད་མི་མང་པོ་སྐྱབས་བཅོལ་དུ་འབྱོར་རྗེས་གཞིས་བྱེས་འབྲེལ་ལམ་ཆད་དེ་དུས་ཚོད་གང་འཚམ་ཕྱིན་ཡོད། བདུན་བཅུ་དོན་གྲངས་ནང་འབྲེལ་ལམ་བསྐྱར་མཐུད་བྱུང་རྗེས་བོད་མི་ཡར་ལངས་ཏེ་བོད་དོན་ནམ་དཀར་ཡོད། འདས་པའི་མི་ལོ་ལྔ་བཅུའི་རིང་གཞིས་པའི་སྙིང་སྟོབས་བྱེས་ནས་བསླེབས་ཤིང་། བྱེས་པའི་སེམས་ཤུགས་གཞིས་ནས་སྤར་ཏེ་གཞིས་བྱེས་གཉིས་ཀ་རྡོག་ཏུ་བསྒྲིལ་ཡོད་མོད། ད་ལྟ་སླར་ཡང་བསམ་ཕྱོགས་བྱེད་ཕྱོགས་སོ་སོར་འགྱེ་བཞིན་འདུག

            ལོ་བཅུ་གྲངས་གོང་སོ་སོ་ཕ་ཡུལ་ན་ཡོད་སྐབས་རྒྱ་གར་ནི་ན་གཞོན་ཚང་མའི་རྨི་ལམ་ནང་གི་དག་ཞིང་དང་། བཙན་བྱོལ་བོད་མི་རྣམས་ནི་སྙིང་གི་དབུས་དང་སེམས་པའི་དཀྱིལ་གྱི་རླབས་ཆེན་མཁྱེན་མཛངས་ལྡན་པ་རྐྱང་ཡིན། དེ་ནི་ས་གནས་གཅིག་དང་ཡུལ་ལུང་གཅིག་ཙམ་མིན་པར་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཡོད་དོ་ཅོག་དང་། དེ་བས་ཀྱང་གཞོན་སྐྱེས་ཚོའི་སེམས་པའི་གཏིང་ན་སེར་པོ་གསེར་བཞིན་འོད་ལམ་ལམ་དང་དམར་པོ་མེ་བཞིན་ཚ་བེར་བེར་བྱེད་ཀྱིན་ཡོད་པའི་སྤོབས་པ་ཡོད།

            གཞིས་པ་དང་བྱེས་པའི་སེམས་པའི་ངོས་དང་གཤིས་ཀའི་ཟུར་གྱི་བར་སྟོང་དེ་དག་རྒྱ་ནག་གིས་བཟོས་པ་མིན་ལ། གཞིས་བྱེས་གང་ཞིག་ལན་པའི་ངན་ཁག་དཀྲི་ས་དེ་བས་ཀྱང་མེད་མོད། དུས་རབས་ཀྱི་ཤིང་རྟ་ཆེན་མོ་འཁོར་སྐྱོད་བྱེད་ཕྱོགས་དང་། སྤྱི་ཚོགས་ཀྱི་རླབས་རྒྱུན་འཕྱུར་སྟངས་ཤིག་གིས་བསམ་ཕྱོགས་བྱེད་ཕྱོགས་ཀྱི་བར་སྟོང་ཞིག་རྒྱ་ཇེ་ཆེ་ནས་གཏིང་ཇེ་ཟབ། མ་འོངས་པར་ཡང་སྲ་ཞིང་མཁྲེགས་པའི་ལམ་ཁ་ཞིག་བདམས་ཏེ་བརྟན་ཅིང་གཡོ་བ་མེད་པར་མདུན་སྐྱོད་བྱེད་རྒྱུའི་སྟ་གོན་བྱས་བྱེད་བཞིན་འདུག་གོ།  

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply