མི་ཆ་ཡོད་ཀྱི་གཏམ་ཆ་མེད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

ངྷ་རམ་ས་ལར་སྤྱི་འཐུས་གྲོས་ཚོགས་དབུ་འཛུགས་བྱས་པ་དང་མཉམ་དུ། གངས་ཅན་སྐྱིད་གཤོང་དུ་མི་སྐྱིད་པ་ལུང་པ་གང་སྤུངས་ནས་ཡོང་གི་ཡོད། དེའི་ཁྲོད་གྱི་མི་སྐྱིད་པ་གཅིག་སྤྱི་འཐུས་རྣམ་པ་ཚོས་ས་གནས་མི་མང་གི་བདེ་བ་སྡུག་བསྔལ་བཀའ་ཤག་གི་མདུན་ཅོག་སྟེང་སྤུངས་པ་དང་། བཀའ་ཤག་གིས་ཀྱང་འདས་པའི་ལོ་གཅིག་རིང་གི་ལས་དོན་གང་བྱས་དང་དཀའ་ངལ་ཅི་འཕྲད་སྤྱི་འཐུས་གྲོས་ཚོགས་བརྒྱུད་མི་མང་ལ་སྙན་སེང་ཞུ་བཞིན་ཡོད་པ་འདི་རེད། དེ་ནི་དམངས་གཙོའི་སྤྱི་ཚོགས་ནང་གི་གྲོས་ཚོགས་རིམ་པས་མི་མང་ལ་འགན་འཁྱེར་སྟངས་རེད་ལ། འུ་ཅག་སྐྱབས་བཅོལ་བོད་པ་ཚང་གི་གྲོས་ཚོགས་ཆུང་ཆུང་འདིའི་ལས་འགན་ཡིན་པ་དེ་བས་ཀྱང་སྨོས་ཅི་དགོས།

        སྐྱབས་བཅོལ་སྤྱི་ཚོགས་གང་ཞིག་ཡིན་ཡང་མ་གཞི་ནས་གྲ་མ་འགྲིག་པ་དང་། དོན་མ་འགྲུབ་པ་མང་དག་ཅིག་ལུ་གུ་རྒྱུད་དུ་བསྟར་ནས་ཡོང་གི་ཡོད་པ་ཆོས་ཉིད་ཡིན་མོད། གངས་སྐྱིད་དུ་གྲོས་ལ་དབང་བ་ཁག་ཅིག་གིས་བསམ་བཞིན་དུ་མ་སྐྱིད་པ་དང་མ་བདེ་བ་མང་པོ་ཞིག་གྲོས་ཚོགས་ནང་དྲུད་ནས་ཡོང་གི་ཡོད་པ་འདི་བཙན་བྱོལ་བོད་པ་ཚང་གི་ལས་དབང་ལྷག་མ་དང་། བོད་མིའི་སྤྱི་ཚོགས་ནང་གི་དང་བླངས་ཧུར་བརྩོན་པ་ཚོའི་ལས་འགན་འཐོལ་པ་དེ་རེད།

ཆོལ་ཁ་ཆོས་ལུགས་ཀྱི་མི་སྣ་འདུ་བའི་གྲོས་ཚོགས་འདི་བོད་མིའི་མཐུན་སྒྲིལ་མཚོན་པའི་ཚོམས་ཆེན་ཞིག་ཡིན་དགོས་མོད། ཉེ་བའི་ལོ་ཤས་ནང་ཕྱི་མིག་ཅིག་བལྟས་ན། སྤྱི་ཚོགས་ནང་གི་ལབ་གླེང་མང་ཆེ་ཤོས་གྲོས་ཚོགས་ནས་བྱུང་བའི་གནས་ཚུལ་དང་གྲོས་ཚོགས་འཐུས་མི་རེ་ཟུང་གི་བཤད་པ་དང་སྤྱོད་པ་ཡིན་ལ། མང་ཚོགས་ཀྱི་སེམས་ངོར་སངས་མཐའ་མེད་པའི་སྡུག་ཅིག་དང་ཞལ་ངོར་འདག་ཐབས་མེད་པའི་རྡུལ་ཞིག་གསོག་ཡོད་པ་དེ་དག་ཀྱང་གྲོས་ཚོགས་ནས་འགོས་པའི་ནད་རྙིང་ཞིག་གི་བསྐྱར་ལོག་རེད།   

        དེ་སྔོན་ནས་སྤྱི་འཐུས་དང་བཀའ་བློན་བར་དང་། གྲོས་ཚོགས་དང་མི་མང་བར། སྤྱི་འཐུས་སྒེར་ཕན་ཚུན་བར་བཅས་སུ་རྔམ་སྟུག་པའི་མུན་པ་ཞིག་འཐིབ་ཡོད། བརྙན་འཕྲིན་དང་དྲ་ལམ་སོགས་ནས་གྲོས་ཚོགས་ལ་ཉན་མཁན་དང་ལྟ་མཁན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ཚོགས་ཞུགས་པ་འགའ་རེའི་གདོང་གི་མདོག་དང་ལུས་ཀྱི་ཉམས། ཚིག་གི་ནང་དོན་སོགས་ལྐོག་གྱུར་ནས་ཤིན་ཏུ་ལྐོག་གྱུར་གྱི་ངོ་བོར་འཕེལ་ཏེ། ཐ་ན་གྲོས་ཚོགས་འཐུས་མི་གསར་པ་དང་བཀའ་བློན་གཞུང་རྒྱུད་དྲང་པོ་ཚོས་ཀྱང་། གྲོས་ཚོགས་ནང་གི་མི་ཆ་ཡོད་རྒྱུས་ཡོད་ཚོའི་བཤད་སྤྱོད་ཆ་མེད་རྒྱུས་མེད་དེ་དག་ལ་ཧ་ལས་ཤིང་ཧོན་འཐོར་འདུག   

        གྲོས་ཚོགས་ཀྱི་སྡིངས་ཆ་བརྒྱུད་དེ་མི་མང་ལ་བཀའ་སློབ་གནང་སྟངས་དང་ཉེས་འཛུགས་བྱེད་སྟངས་ཤེས་པ་མ་ཟད།  དེ་དང་མཉམ་དུ་ཟིལ་ཤུགས་ངོམ་སྟངས་དང་འཇིགས་སྣང་སྐུལ་སྟངས་ཀྱང་བྱང་གོམས་སུ་སོང་ཡོད་མོད། གྲོས་ཚོགས་སྡིངས་ཆའི་ཐོག་གི་སོ་སོའི་ལུས་ངག་གི་སྤྱོད་པ་ཡ་མ་བརླ་དེ་དག་གིས་ཆེ་ས་ནས་རྒྱ་གཞུང་ལ་བརྡ་ལན་གང་ཞིག་སྟོན་གྱི་ཡོད་པ་དང་། ཆུང་ས་ནས་གཅེས་སུ་འོས་པའི་མི་མང་གི་སེམས་ངོར་བག་ཆགས་ཅི་ཞིག་འཇོག་གི་ཡོད་པ་དྲན་ཡུལ་དུ་བྱེད་པའི་ནུས་སྟོབས་རྩད་ནས་ཆད་དེ་རྨང་ནས་འགག་ཡོད་པ་དེ་ཡ་མཚན་ཆེ་འོ།།    

        བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དམངས་གཙོའི་གོམས་བྱང་དང་། ཤེས་ཡོན་གནས་ཚད་ལོངས་པའི་སྤྱི་ཚོགས་ཤིག་ཡིན་ན། མི་མང་གི་སྐུ་ཚབ་འཛོམ་སའི་གྲོས་ཚོགས་ནང་གནས་ཚུལ་སྣང་ཚུལ་འདི་རིགས་ཧ་ཅང་རྒྱུན་ལྡན་ཡིན་ཟེར་ཆོག་མོད། འུ་ཅག་བོད་མིའི་ཆབ་སྲིད་གོ་རྟོགས་དང་སྲོལ་རྒྱུན་བསམ་བློའི་འཆིང་ཞགས་འདིའི་ཧྲག་བར་ན། གྲོས་ཚོགས་དཀྱིལ་འཁོར་ནང་གི་བཤད་སྤྱོད་འདི་དག་གིས་མང་ཚོགས་ལ་ཀུན་སྤྱོད་སྦྱོང་བརདར་གཞན་ཞིག་དང་། བསམ་བློའི་སློབ་གསོ་གཞན་ཞིག་ཐེབས་ཀྱི་ཡོད་པ་ཅི་ནས་ཀྱང་ཤེས་དགོས་སོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply