གཞོན་ལྷན་ཡར་ལངས་སྟངས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ན་ནིང་ད་ལོ་ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་རླུང་རྟ་མར་འགྲོའི་དུས་རེད། ལྷག་པར་དུ་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་འོག་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་ཁ་ལས་རླུང་རྟ་རྒུད་པའི་སྒང་ཞིག་རེད། བོད་ཀྱི་བུད་མེད་ལྷན་ཚོགས་དང་དགུ་བཅུ་གསུམ། བོད་རྒྱལ་ཡོངས་མང་གཙོ་ཚོཊ་པ་སོགས་ལའང་ལབ་གླེང་ཇེ་མང་དང་། མང་ཚོཊ་ཀྱི་རྒྱབ་སྐྱོར་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཇེ་གསལ་རེད། སྤྱིར་མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་གི་ལས་དོན་སྒྲུབ་སྐབས་ལབ་གླེང་དང་གནོན་ཤུགས་མང་བ་ཆོས་ཉིད་ཡིན་ལ། གནོན་བཙིར་དང་རྩུབ་རྡར་ཁྲོད་ནས་ཡར་ལངས་སྟངས་འདི། ཚོགས་པ་གང་དེའི་རྩ་བ་བརྟན་ལ་རྩེ་མོ་དར་ཞིང་རྒྱས་པའི་སྔོན་འགྲོ་ཡིན། 

            གཞོན་ནུའི་ཉམས་རྒུད་དེ་འདས་པའི་ལོ་ངོ་བཅུ་ཕྲག་རིང་མང་ཚོགས་ཀྱི་སེམས་ངོར་རྨ་ཁ་ཡང་ཡང་བཟོས་པའི་ཉེར་ལེན་ཡིན་ཞིང་། འདི་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཡོད་པ་ལས། ཕྱི་རྐྱེན་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བསམ་བློའི་གནས་ཚད་དམའ་བ་དང་། ནང་རྐྱེན་ཚོགས་པ་སོ་སོའི་ལས་སྣེ་རེ་ཟུང་གི་བཅའ་ཉེས་སྤྱོད་ལོག་དང་། ཧོལ་རྒྱུག་ཐོད་རྒལ་ལས་བྱུང་བ་ཡིན། སྔ་མ་དེར་ལས་བརྡ་བྱེད་ས་མེད་པར་སྤྱི་ཚོགས་ཤིག་གི་ཚུར་སྣང་གནས་ལུགས་ངོ་མ་དེ་ཡིན་ལ། ཕྱི་མ་དེས་སྤྱི་ཚོགས་གནས་བབ་ལ་ངོས་ཟིན་གསལ་བོ་མ་བྱུང་བ་མ་ཟད། ཐ་ན་རང་བློ་རང་ལའང་ལྐོག་གྱུར་དུ་སོང་སྟེ་སྤྱི་བའི་སྒྲིག་འཛུགས་བཙོང་སོང་ཟེར་ཆོག 

            ད་ལོའི་གཞོན་ནུ་དབུ་བརྙེས་པའི་དུས་དྲན་ཉིན། ངྷ་སའི་གཞོན་ལྷན་དབུས་ས་གཉིས་མཉམ་འབྲེལ་ཐོག མང་ཚོགས་ལ་ཚོད་ལྟ་ཐེངས་གཅིག་བྱས་ཡོད། འོན་ཀྱང་ངྷ་སའི་མང་ཚོགས་ཀྱིས་གཞོན་ནུར་རྣམ་འགྱུར་སྟོན་སྟངས་ད་དུང་འདོད་པ་ཁེངས་པ་ཞིག་བྱུང་མེད། ཉིན་དེར་ས་གཞོན་རྒྱུན་ལས་ཤིག་གིས་ལོ་ལྟར་གཞོན་ནུའི་དུས་དྲན་ཉིན་མང་ཚོགས་མང་པོ་འཛོམ་བཞིན་ཡོད་ཀྱང་། གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་ཕྱག་ལས་གནང་སྟངས། མང་ཚོགས་ཀྱིས་དགོངས་པ་བཞེས་ཕྱོགས་སོགས་ཀྱིས་དེ་རིང་མང་ཚོགས་མང་པོ་ཞིག་ཕེབས་མི་འདུག་ཅེས་ཡ་ལ་བོད་མིའི་སྒྲིག་འཛུགས་ལ་བཀལ་སོང་།  

            གཞོན་ནུའི་དབུས་རྒྱུན་ཚོགས་གཙོས་འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་ཐལ་ཆ་འཐུས་ཤོར་དང་། གོ་འཛོལ་ནོར་འཁྲུལ་ཡོངས་རྫོགས་ངོས་ལེན་དགོངས་སེལ་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་ཁག་ཅིག་ལུང་འདྲེན་བྱས་ཏེ། གཞོན་ནུའི་རང་བཙན་ལངས་ཕྱོགས་དེ་༸གོང་ས་མཆོག་གི་ཐུགས་དགོངས་དང་འགལ་མེད་པ་མ་ཟད། བོད་དོན་འཐབ་རྩོད་ཀྱི་ལས་རིམ་ཐོག་ལ་ཡང་གནོད་སྐྱོན་གང་ཡང་མེད་པར་གཅིག་ཕན་གཅིག་གྲོགས་ཡིན་སྐོར་ནན་བརྗོད་བྱས་ཡོད། ད་དུང་མངོན་ཆུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་དམིགས་འབེན་ཆོས་དང་རིག་གཞུང་སྲུང་སྐྱོབ་རྩོད་ཕྱོགས་དེར་ཡང་གུས་བརྩི་ཡོད་ཚུལ་བརྗོད་འདུག

            བོད་ཀྱི་གཞོན་ནུ་ལྷན་ཚོགས་བསྐྱར་དུ་ཡར་ལངས་དགོས་ན། གཞོན་ནུའི་ཚོགས་ཆེན་རིམ་པའི་སྟེང་བོད་པའི་རིག་གཞུང་སྲུང་སྐྱོབ་དང་ཤེས་ཡོན་སློབ་གསོའི་ཐད་གྲོས་ཆོད་བཞག་ཡོད་པ་དེ་དག་ལ་ཤུགས་སྣོན་དང་། ལྷག་པར་དུ་གཞོན་ལྷན་སྒྲིག་གཞིའི་ལེ་ཚན་བཞི་བར། རང་ཉིད་ཀྱི་བསམ་སྤྱོད་མིང་དོན་མཚུངས་པའི་བོད་མི་ཞིག་ཏུ་འགྱུར་ཐབས་སུ་གཞོན་ནུ་སོ་སོའི་ངོས་ནས་དོ་སྣང་ཆེན་པོས་སྦྱང་བརྩོན་དང་འབྲེལ། རིག་གཞུང་དང་གཤིས་སྤྱོད་བཟང་པོ་གཏན་ཉམས་སུ་འགྲོ་གཞིའི་རིགས་ལ་དམིགས་བཀར་དོ་སྣང་ལེགས་སྤེལ་རྒྱུན་འཛིན་དང་ཡོངས་ཁྱབ་ཏུ་སྤེལ་ཐབས་བྱ་རྒྱུཞེས་བཀོད་ཡོད་པ་དག་འབད་པ་བརྒྱ་ཡིས་བསྒྲུབ་རྒྱུ་དེ་ཁོ་ན་ཉིད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply