གསར་བརྗེའི་སྔོན་བརྡ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

མ་སུ་རི་བོད་ཁྱིིམ་སློབ་གྲྭའི་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་ཕྲུག་ཉིས་བརྒྱ་ལྷག་གིས་སློབ་གྲྭའི་འཛིན་སྐྱོང་ལ་ངོ་རྒོལ་བྱས་ཏེ། བདེ་སྐྱིད་གླིང་ས་གནས་གཞིས་མགོའི་ལས་ཁུངས་བར་ཞི་བའི་གོམ་བགྲོད་བྱས་པའི་གནས་ཚུལ་བྱུང་སོང་། འདི་བཙན་བྱོལ་སྤྱི་ཚོགས་ནང་གི་ལས་འགུལ་གྱི་ཁ་ཕྱོགས་གསར་ཤོས་དང་། འདས་པའི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཁྲོད་ཀྱི་ཡ་མཚན་ལྟད་མོ་གཉིས་པ་དེ་རེད། ཐེངས་དང་པོ་ཉིས་སྟོང་བདུན་ལོར་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་རྒན་ཚོས་གསོལ་ཕོགས་སྤར་ཕྱོགས་ཀྱི་གནད་དོན་ཞིག་གི་ཐོག་ལས་མཚམས་བཞག་སྟེ་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད།

            ཐེངས་འདིར་སློབ་གྲྭས་གསལ་བཤད་ལྟར་ན། གནས་ཚུལ་དེ་མཐར་ཕྱིན་སློབ་མའི་ཐུཊ་སྤྲོའི་ཉིན་མོར་སློབ་ཕྲུག་ཚོས་སྒྲིག་ཆས་གྱོན་ཡོད་མེད་ཐོག་བྱུང་ཚུལ་བཤད་ཀྱང་། སློབ་ཕྲུག་ཚོས་དེ་ནི་སྒྲིག་ཆས་ཙམ་གྱི་གནད་དོན་མིན་པར་རྒྱུ་མང་ཚོགས་པའི་འབྲས་བུ་མངོན་དུ་བྱས་རབས་གླེང་། གང་ལྟར། ཐོག་མའི་བྱུང་སྟངས་དེ་ཐུགས་སྤྲོ་གཏོང་བཅུག་མིན་ཙམ་ཡིན་སྲིད་ཀྱང་། འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་ཕྲུག་ཚོ་བསམ་བློ་དང་ཤེས་ཡོན་གང་འཚམ་ཡོད་མཁན་ལ་ངོས་འཛིན་མི་བྱེད་ཐབས་མེད་ཡིན། དོན་དག་ཆུང་ཆུང་དེ་ལྟ་བུ་ཞིག་གིས་སློབ་ཕྲུག་ཚོར་ཕོག་ཐུག་ཆེན་པོ་འདི་ལྟ་བུ་ཞིག་འགྲོ་དགོས་པ་དེ་རྒྱུ་མེད་རྐྱེན་མེད་གློ་བུར་བ་ཞིག་ཡིན་སྲིད་དམ།

            གལ་སྲིད་སྒྲིག་ཆས་དང་ཐུགས་སྤྲོ་ཙམ་ཁོ་ནར་ཐུག་ཡོད་ན། ནོར་འཁྲུལ་ཡོངས་རྫོགས་སློབ་ཕྲུག་ཚོས་འཁུར་དགོས་པ་མ་ཟད། འུ་ཅག་བཙན་བྱོལ་ནང་གི་སློབ་ཕྲུག་འདི་དག་ཇི་འདྲའི་བྱབ་ཆུང་རྐྱང་རྐྱང་རེད་དམ། བོད་ནང་གི་སློབ་ཕྲུག་ཚོས་མི་རིགས་དང་རྒྱལ་ཁབ། སྐད་ཡིག་དང་རིག་གཞུང་གི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་མེ་ལ་མཆོད་ཅིང་བཙོན་ལ་རྫོང་གི་ཡོད། འུ་ཅག་བཙན་བྱོལ་ཚང་གི་སློབ་ཕྲུག་འདི་དག་གིས་ཉིན་གཅིག་གི་ལྟོ་ཡི་དོན་ལ་ཚེ་གཅིག་གི་རིན་ཐང་རླག་གིན་འདུག ཆུང་ས་ནས་སློབ་ཕྲུག་གཞན་དང་སློབ་གྲྭ་གཞན། དགེ་ལས་སློབ་ཕྲུག་བར་གྱི་མཛའ་བརྩེ་ལ་གནོད་སྐྱོན་བཟོས་ཡོད་ལ། ཆེ་ས་ནས་བོད་མིའི་བཟང་སྤྱོད་དང་སྤྱི་ཚོགས་བརྟན་བརླིང་། ནུས་ཤུགས་ཆིག་སྒྲིལ་སོགས་ལའང་ཤུགས་རྐྱེན་བཞག་ཡོད།

            མེ་སྟག་ཆུང་ཆུང་འདི་ཕུ་ཐུང་ནང་ནས་གསོད་ཐབས་བྱས་ཏེ། གནས་སྐབས་ཕྱི་ལོགས་ཀྱི་ཞི་བདེ་དང་ལྷིང་འཇགས་པོཡོང་རྒྱུར། མ་སུ་རི་བོད་ཁྱིམ་དང་ཤེས་རིག་ལས་ཁུངས་ལ་གལ་གནད་ཆེན་པོ་ཆགས་ཡོད་སྲིད་ཀྱང་། གནས་ཚུལ་ཆུང་ཆུང་དེའི་རྒྱབ་ལོགས་ན་བོད་ཁྱིམ་སློབ་གྲྭ་དེར་གནས་ཚུལ་ཆེན་པོ་གཞན་ཡོད་མེད་དང་། ད་རེབ་གྱི་འགུལ་སྐྱོད་དེར་རྒྱུ་གང་ནས་བསགས་ཏེ་རྐྱེན་གང་ལ་འཕྲད་པ། ངོ་བོ་ཇི་ལྟར་འཕེལ་བ་སོགས་ལ་བསྐྱར་ཞིབ་དང་། རྩད་གཅོད་ཞིབ་མོ་བྱེད་རྒྱུ་དེ་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་ལས་དོན་ཐོག་གསར་བརྗེ་དང་གཤག་བཅོས་ཆེན་པོ་ཞིག་བྱེད་དགོས་པའི་སྔོན་བརྡ་རེད། 

            སྤྱིར་ཉེས་རྡུང་དང་སྡིགས་ར་བསྐུལ་ཏེ་བཟོ་ལྟ་གཏོད་པའི་དུས་ཚོད་ཡོལ་ཚར་ཞིང་། ཁྲིམས་དང་སྒྲིག་གཞིས་བཅུན་ཏེ་འགྲོ་སྟངས་སློབ་པའི་དུས་ཚོད་ཀྱང་། མི་རིགས་གཞན་དང་ཡུལ་ལུང་གཞན་ལ་སྔར་ནས་རྫོགས་ཚར་ཡོད། འུ་ཅག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཡང་དུས་གྱི་འགྱུར་འགྲོས་དང་ཁོར་ཡུག་གིས་དེད་དེ་ཡོལ་དང་ཡོལ་བཞིན་ཡོད་མོད། གྲུ་དང་ཟུར་རེ་ཟུང་ན་ལྷག་འཕྲོས་ཙག་ཙིག་རེ་རྒྱུན་འཛིན་བྱས་ཡོད་པ་དག་ཀྱང་ད་ལྟ་གཙང་ཕྱགས་མ་བྱས་ཚེ། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལས་འགུལ་སྣ་ཁ་ཇེ་མང་དང་། ཡ་མཚན་ལྟད་མོ་གསུམ་པ་བཞི་པ་དག་ཀྱང་རིམ་བཞིན་འབྱུང་སྲིད་དོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply