ཛ་དྲག་གི་འབྲེལ་འདྲིས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་པར་རང་བཙན་འཐོབ་རེ་མེད་པ་རྒྱ་གར་གཞུང་གི་ཚོད་དཔག་དང་ཐག་གཅོད་གཉིས་ཀ་ཡིན། བོད་པར་རང་བཙན་འཐོབ་ན་རྒྱ་གར་བྱང་ཤར་མཐའ་མཚམས་ཀྱི་ཉེན་ཁ་ཐ་དག་སེལ་འགྲོ་ལ། རྒྱ་གར་ནང་འབབ་བཞིན་པའི་གཙང་བོ་དེ་དག་ག་དུས་ཆད་འགྲོ་སྙམ་པའི་སེམས་འཚབ་དག་ཀྱང་ཞུ་འགྲོ། གནད་འགག་འདི་ཤེས་བཞིན་དུ་བོད་རྒྱ་ལག་ཏུ་ཤོར་མ་ཐག་རྒྱ་གར་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བསྒྲགས་ཡོད་ལ། ཁ་གཏད་ཚོགས་པ་དང་མི་མང་ནང་སྐད་སྒྲ་ཅི་ཡོད་རྣ་རྒྱབ་ཏུ་གཡུགས་ནས་ལངས་ཕྱོགས་དེ་ད་ལྟ་ད་དུང་རྒྱུན་འཁྱོངས་བྱེད་བཞིན་ཡོད།

            གནད་དོན་འདིས་རྒྱ་གར་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མེད་པ་དང་བོད་མིར་རོགས་འདེགས་མེད་པ་མི་མཚོན་ཡང་། ཨུ་ཐུག་གི་སྲིད་བྱུས་དེའི་འོག་ནས་ཁེ་བཟང་གཞན་ཞིག་ལ་རེ་བ་རྒྱག་གི་ཡོད་མོད། དེ་ནི་ཤར་ཕྱོགས་ཀྱི་གནམ་ཁ་དྭངས་མིན་དང་རྒྱ་ནག་གི་གདོང་པའི་དཀར་ནག་ལ་བརྟེན་དགོས། ཕུགས་ཀྱི་ཉེན་ཁ་ཆེན་པོའི་འོག་ནས་འཕྲལ་གྱི་ཉེན་ཁ་ཆུང་ཚགས་རིགས་ཤིག་ཟློག་ཐབས་དང་དཔལ་འབྱོར་ཁེ་ཕན། མཉམ་འབྲེལ་ལས་གཞི་ཁག་ཅིག་ལོ་ངོ་སྟོང་གི་སྤུན་ཟླའི་མཛའ་འབྲེལ་དང་མངའ་སྡེ་གསུམ་གྱི་འབངས་མིའི་ཆགས་འཇིག་ལ་བརྗེ་བོ་རྒྱག་གི་ཡོད་ཀྱང་། དེ་ནི་གཅན་གཟན་ཁྱིམ་དུ་བཀུག་ནས་སྒོ་ཟོག་ལ་ཉར་འདོད་ཀྱི་རྨི་ལམ་ཡིན།   

            ད་ལོའི་ཕྱི་ཟླ་བཞི་པའི་ནང་རྒྱ་དམག་གིས་ལ་དྭགས་ནང་ཚུར་སྤྱི་ལེ་བཅུ་གྲངས་ཤིག་ལ་བཙན་འཛུལ་བྱས་ཏེ་དམག་སྒར་བཏབ་པ་དེར་རྒྱ་གར་གཞུང་དམངས་གཉིས་ཀ་སྐད་ངན་ཤོར་ཞིང་། ཚོགས་པ་སྒྲིག་འཛུགས་རེ་ཟུང་གིས་ཀྱང་ རྒྱ་མི་ཕར་རྒྱུག བོད་རང་བཙན། རྒྱ་གར་གྱི་བདེ་འཇགས་ཡིནཞེས་བོད་པར་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ཀྱི་རྣམ་འགྱུར་བསྟན་ཡོད། མཐའ་མཚམས་དམག་གི་འགུལ་སྐྱོད་དེ་རྒྱ་ནག་དབུས་གཞུང་གིས་ཧ་མ་གོ་ཚུལ་གྱི་མཐོ་བཤད་དམའ་བཤད་སྣ་ཚོགས་བྱས་ཀྱང་། དམར་ཤོག་གཅིག་སྡུད་གཞུང་དམག་ས་མཚམས་བརྒལ་བ་མ་ཤེས་ཟེར་བ་དེ། རྒྱ་ནག་གིས་བསམ་གཟས་ནས་རྒྱ་གར་ལ་ཀྱག་ཀྱག་བཤད་པ་རྒྱལ་སྤྱིའི་ཐོག་ནས་སྡོམ་ཚིག་བཀོད་ཡོད།  

            ལ་དྭགས་ནང་རྒྱ་ནག་གི་བཙན་འཛུལ་བསླེབས་མ་ཐག རྒྱ་གར་གྱི་སྲིད་བློན་ཉི་ཧོང་དུ་བསྐྱོད་དེ་ཉི་ཧོང་སྲིད་བློན་ལ་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་རྒྱ་ནག་གི་ཚོར་བ་རྣོ་སའི་ཤར་ཕྱོགས་རྒྱ་མཚོའི་མངའ་ཁུལ་བདག་དབང་དང་བདེ་འཇགས་སྐོར་ལ་མཉམ་འབྲེལ་གྱི་རྣམ་འགྱུར་བསྟན་ཡོད། དེ་མ་ཐག་རྒྱ་དམག་ལ་དྭགས་ནས་ཕྱིར་འཐེན་བྱས་ཤིང་རྒྱ་གར་གྱིས་ཀྱང་སྲིད་བློན་ལི་ཁེ་ཆང་མགྲོན་འབོད་བྱས་ཏེ། བསྐྱར་དུ་ས་མཚམས་ཀྱི་གནད་དོན་བརྗོད་གཞི་གཉིས་པར་བཞག་སྟེ་དཔལ་འབྱོར་དང་ཐབས་ཇུས་གྲོགས་པོའི་འབྲེལ་བར་གཏིང་གནོན་བྱས། མ་གཞི་ནས་རྒྱ་དཀར་ནག་གི་འབྲེལ་བ་དེ་ཧ་ཅང་ཛ་དྲག་གི་འབྲེལ་འདྲིས་ཤིག་ཡིན་ལ། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་། རྒྱ་ནག་གཞུང་གིས་ཀཱ་ཤི་མིར་ཐོག་འཛིན་པའི་སྲིད་བྱུས་འདི་གཉིས་རྒྱ་དཀར་ནག་བར་གྱི་ཚོང་རྫས་བྲིན་ཤོས་དེ་ཆགས་ཡོད།

            ཉེ་ལམ་རྒྱ་གར་གྱི་སྲིད་བློན་རྒྱ་ནག་པེ་ཅིན་ཏུ་བསྐྱོད་དེ་རྒྱལ་ཁབ་གཉིས་བར་གྲོས་མཐུན་དོན་ཚན་དགུ་ལ་མིང་རྟགས་བཀོད། དེ་དག་ནང་མཐའ་མཚམས་དམག་མིས་འགུལ་སྐྱོད་དང་གཙང་པོ་ཁ་བསྒྱུར། འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་ཕྱོགས་སོགས་ལ་གཉིས་མོས་བྱུང་ཡོད་ཀྱང་ཨ་རུ་ན་ཅལ་ཚུད་པའི་མཐའ་མཚམས་ཁུལ་གྱི་མི་སེར་ཐོངས་མཆན་སྤྲོད་ཕྱོགས་ཐོག་རྒྱ་གར་གྱིས་ཟུར་དང་སྣེ་གང་ནས་གླེང་ཡང་རྒྱ་ནག་གིས་མ་མཐོང་མ་ཐོས་ཁུལ་བྱས་ཡོད། འདི་ནི་རྒྱ་ནག་གིས་དུས་རྒྱུན་ལབ་བཞིན་པའི་ཐབས་ཇུས་གྲོགས་པོའི་འབྲེལ་བ་དང་ གཉིས་ཕམ་མཉམ་རྒྱལཟེར་བ་དག་གི་བརྗོད་སྙིང་གཙོ་བོ་དེ་ཡིན།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply