རྐུབ་སྟེགས་གཅིག་ལ་རྩོད་རྙོག་གཉིས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནས་དགོངས་པ་ཞུས་པ་དེ། བཙན་བྱོལ་མི་མང་ལ་དམངས་གཙོའི་ཚད་གཞི་དང་མདོ་སྨད་མི་མང་གི་བཟང་སྤྱོད་ལ་ཡིག་ཚད་ཅིག་བཏང་བ་དང་ཀུན་ནས་མཚུངས། དབུས་འོས་བསྡུ་ལྷན་ཁང་གིས་མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུ་གསལ་བསྒྲགས་བསྐྱངས་མ་ཐག གསལ་བསྒྲགས་དེ་འགད་རྫས་ཤིག་དང་འདྲ་བར་མདོ་སྨད་ཆོལ་ཁའི་ནང་ལུང་ཚན་ཕྱོགས་ཁག་དང་མི་སྒེར་ཕན་ཚུན་ལ་བསྟོད་སྨད་དབྱེ་འབྱེད་ཀྱི་ལས་འགུལ་ཞིག་མགོ་བརྩམས་སོང་ལ། དེ་དང་མཉམ་དུ་འོས་བསྡུ་ལྷན་ཁང་དང་སྤྱི་འཐུས་རྒྱུན་ལས་ཀྱི་གནང་ཕྱོགས་འགྲིག་མིན་གྱི་གླེང་ཉོག་ཅིག་ཀྱང་མགོ་འབུས།

   ཁག་ཅིག་གིས་བྲེལ་ཚབས་དང་རྔམ་སྐྲག་ཆེན་པོས་ཐོག་ནས་སོ་སོའི་འདོད་ཕྱོགས་ལྟར། སྤྱི་འཐུས་འོས་མི་རེ་རེ་མིང་འདོན་བྱས་ཏེ་ཁོ་ལ་ཤེས་ཡོན་ཡོད་རབས་དང་འཇོན་ཐང་ཆེ་ལུགས། བོད་ཕྱི་ནང་ལ་རྒྱུས་མངའ་ཡོད་སྐོར་དང་། རྩོམ་ཡིག་སྤེལ་རབས་སོགས་བགྲང་གི་འདུག དེ་དང་མཉམ་དུ་རྒྱབ་སྐྱོར་བྱེད་མཁན་ཚོས་ཀྱང་སོ་སོའི་འོས་མིར་བསྟོད་བསྔགས་ཀྱི་ཞོར་དུ་ཕར་ཕྱོགས་ལ་གཞི་མེད་ཉེས་འཛུགས་དང་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་བྱེད་ཀྱིན་འདུག འདི་དམངས་གཙོའི་གཤིས་ཀ་གོང་མཐོར་འགྲོ་བཞིན་པའི་བཟང་རྟགས་དང་། ལུང་ཚན་ཕྱོགས་ཁག་འཐེན་འཁྱེར་བྱེད་བཞིན་པའི་ངན་རྟགས་གཉིས་ཀ་རེད།

    སྔོན་ཆད་སྤྱི་འཐུས་ཤིག་གིས་དགོངས་པ་ཞུས་ཚེ་དེའི་ཤུལ་དུ་སྒུག་ཐོའི་ཨང་རིམ་རྩེ་བཏོག་གིས་བསྐོ་བཞག་བྱེད་པ་ལས་བསྐྱར་དུ་འོས་བསྡུ་སོགས་ཀྱི་གླེང་རྙོག་མེད་ཀྱང་། དུས་ངན་པ་སླེབ་པའི་ལོ་དང་ཁྱིམ་ཁ་ཁ་ཆགས་པའི་ལོ་ཞེས་པའི་དཔེ་ལྟར། མདོ་སྨད་སྤྱི་འཐུས་གཅིག་གིས་རྩ་དགོངས་ཞུས་པ་དང་སྐར་གྲངས་ལོངས་པའི་མདོ་སྨད་པ་རྫོགས་པ་གཉིས་གདོང་ཐུག་བརྒྱབ་ཅིང་། སྤྱི་འཐུས་རྒྱུན་ལས་དང་འོས་བསྡུ་ལྷན་ཁང་གཉིས་ཀྱིས་ཀིརྟི་སྒྲོལ་དཀར་ལྷ་མོ་དང་ཨ་ཚོགས་ཀླུ་མཁར་བྱམས་གཉིས་ཀྱི་གཞི་རྩའི་ལྟ་བ་ཐ་དད་ཡོད་པ་དེས་ད་རེས་འབབ་སའི་རྐུབ་སྟེགས་ཀྱང་སོ་སོར་བསྒྲིགས་སོང་།

    མི་མང་ལ་རྒྱུས་མངའ་ཡོད་པས་ཡིན་ནམ། བླ་མ་དང་ཕ་མ་དགེ་རྒན་སོགས་སེམས་ནང་འཇུག་བདེ་བས་ཡིན། གང་ལྟར་དེ་སྔའི་སྤྱི་འཐུས་མང་ཆེ་བ་རྩོམ་པ་པོ་དང་སྙན་ངག་པ་དགེ་རྒན་སོགས་ཡིན་ལ། བག་ཆགས་དེའི་དབང་གིས་ད་རེས་ཀྱང་འོས་མི་ངོ་སྤྲོད་བྱེད་མཁན་ཚོས་སོ་སོའི་འོས་མི་དེས་རྩོམ་ཡིག་བྲིས་རབས་དང་དགེ་རྒན་གནང་རབས་བགྲང་གི་འདུག བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ་ཟེར་བ་ལྟར། སྤྱི་འཐུས་ལྷན་ཁང་དེ་ཁྲིམས་དང་སྒྲིག་གཞི་བཟོ་ས་ཞིག་ཡིན་པ་ལས་རྩོམ་ཡིག་སྙན་ངག་འབྲི་ས་ཞིག་མིན་ལ་རིག་གནས་འཁྲིད་སྤེལ་བྱེད་ས་ཞིག་དེ་བས་ཀྱང་མིན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དངོས་དེ། ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་དང་། མཚམས་རེར་ས་གནས་ཁག་ཏུ་ཕྱོགས་སྐྱོད་གཅིག་གཉིས་རེ་ཡོང་གི་ཡོད། ཕྱི་ཟླ་གསུམ་པའི་གྲོས་ཚོགས་དེ་གཞུང་གི་སྔོན་རྩིས་གཏན་འབེབས་དང་ཟླ་དགུ་བའི་གྲོས་ཚོགས་དེ་ལས་ཁུངས་ཁག་གི་ལས་སྡོམ་བསྐྱར་ཞིབ་རེད། ཐེངས་འདིའི་མདོ་སྨད་སྤྱི་འཐུས་དེ་ཆེ་ས་ནས་བཤད་ན་འགྲོ་བ་མིའི་རིགས་ལ་འདྲ་མཉམ་དང་རིན་ཐང་གི་འདུ་ཤེས་ཡོད་པ་དང་། བོད་མི་རིགས་ལ་དགའ་ཞེན་དང་ལ་རྒྱ་ཆེ་བ། ཡང་སྒོས་མདོ་སྨད་མི་མང་ལ་ལྷག་བསམ་དཀར་ཞིང་ཕྱོགས་ལྷུང་མེད་མཁན་ཞིག་ཡིན་དགོས་ལ། ཆུང་ས་ནས་བོད་སྐད་ཐོག་ནས་གཏམ་བཤད་གཙང་མ་སྤེལ་ཐུབ་ཅིང་ཕྱི་སྐད་ཐོག་ནས་བོད་དོན་ངོ་སྤྲོད་ཐུབ་མཁན། བོད་ནང་གི་ས་མིང་ཆུ་མིང་ངག་འཁྲོལ་མཁན་ཞིག་དང་། བཙན་བྱོལ་གྱི་འགྲོ་འདུག་སྤྱོད་གསུམ་རྒྱུས་ཡོད་མཁན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་མགོ་འཚོས་པ་སོགས་མ་མཐའི་ཆ་རྐྱེན་ཡིན་ནོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply