སྐབས་ ༡༦ པའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་བྷེ་ཇེ་པེ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་སྟེ། ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ནཱ་རན་ཌི་མུ་དྷི་ལགས་སུ་རྒྱ་གར་གྱི་སྲིད་བློན་མན་མོ་ཧཱན་སིན་དང་ཕྱིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་འཚམས་འདྲི་ཞུ་བཞིན་ཡོད་སྟབས། ཁོང་རྒྱ་གར་སྲིད་བློན་ཆགས་རྗེས་རྒྱ་གར་གྱི་ཕྱི་འབྲེལ་དང་བོད་དོན་ཐོག་སྲིད་བྱུས་གང་འདྲ་ཡོང་མིན་ཐད། གསར་འགོད་པས་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། སྐབས་ ༡༦ པའི་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་བྷེ་ཇེ་པེ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་སྟེ་ཚོགས་པའི་སྲིད་བློན་འོས་མི་སྐུ་ཞབས་ནཱ་རན་ཌི་མུ་དྷི་ (Narendra Modi) ལགས་རྒྱ་གར་སྲིད་བློན་ཆགས་རྒྱུ་ཡིན་པའི་ཐད་སྤྱི་ཡོངས་ནས་དགོངས་ཚུལ་གང་འདྲ་ཡོད།
ལན། ཁ་སང་འོས་ཤོག་གྲངས་བཤེར་བྱེདས་སྐབས་བྷེ་ཇེ་པེ་སྲིད་དོན་ཚོགས་པར་ཞབས་སྟེགས་ ༢༨༢ རག་ཡོད་པ་རེད། བྷེ་ཇེ་པེ་དང་མནའ་འབྲེལ་ཡོད་པའི་ཨན་ཌེ་ཨེ་(NDA) ལ་ཞབས་སྟེགས་ ༣༣༥།༦ ལྷག་རག་བསྡད་ཡོད། སྤྱིར་བཏང་མནའ་འབྲེལ་གྱིས་གཞུང་འཛིན་པ་དེ་ཧ་ལམ་ཕྱོགས་འགལ་ཚོགས་པ་ནུས་མེད་འདྲ་བོ་ཆགས་ཚར་བ་རེད། ཕྱོགས་འགལ་ཚོགས་པའི་མགོ་ཁྲིད་ཆགས་པ་ལ་གྲོས་ཚོགས་འོག་མའི་ཞབས་སྟེགས་ ༥༤༣ ཡོད་པ་ལས་བརྒྱ་ཆ་ལྔ་འཐོབ་དགོས་ཀྱི་ཡོད། དཔེར་ན། ད་ལྟ་ཀོང་རེ་སི་སྲིད་དོན་ཚོགས་པར་བརྒྱ་ཆ་ལྔ་བཅུ་རག་མེད་སྟབས་ཕྱོགས་འགལ་ཚོགས་པར་མགོ་ཁྲིད་མེད་པའི་ཉེན་ཁ་ཆགས་ཡོད། དེ་འདྲ་ཡིན་དུས་ད་རེབ་བྷེ་ཇེ་པེ་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དང་ལྷག་པར་དུ་བྷེ་ཇེ་པེ་མནའ་འབྲེལ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པ་རེད། འཛམ་གླིང་ནང་གི་དམངས་གཙོའི་འོས་བསྡུ་ཆེ་ཤོས་ཀྱི་རྒྱལ་ཁབ་ནང་དམངས་གཙོ་ཡང་དག་ལག་ལེན་བསྟར་ནས་རྒྱལ་ཁ་ཐོབ་པ་འདི་ལ་རྒྱ་གར་གཞུང་དམངས་གཉིས་ཀར་དགའ་བསུ་དང་ལྷག་པར་དུ་སྲིད་གཞུང་གསར་བར་དགའ་བསུ་ཞུ་བཞིན་ཡོད།
དྲི་བ། སྲིད་བློན་འོས་མི་ཁོང་དུས་རྒྱུན་བོད་དོན་ཐོག་ལྟ་སྟངས་ག་འདྲ་ཡོད་པ་དང་། མ་འོངས་པར་ཁོང་གིས་གཞུང་འཛིན་སྐྱོང་བྱེད་སྐབས་བོད་དོན་ཐོག་སྲིད་བྱུས་གང་འདྲ་འཛིན་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད།
ལན། སྦྱིར་བཏང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཚང་མ་མཉམ་དུ་ང་ཚོས་འབྲེལ་བ་ཡག་པོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད། གཞུང་འཛིན་མཁན་ཡིན་མིན་ལ་མ་ལྟོས་པར་འབྲེལ་བ་འཛུགས་དགོས་པ་དེ་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་གལ་ཆེན་པོ་ཆགས་ཡོད། སྐུ་ཞབས་མུ་དྷེ་ལགས་ལྟ་བུར་ཆ་བཞག་ན། མི་དཀྱུས་མ་ཞིག་ཆེན་པོ་ཆགས་ནས་ཡོང་བ་དང་། མི་མང་སྐྱོ་བོའི་དཀའ་ངལ་ཧ་གོ་མཁན་ཞིག་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག གཉིས་པ། བྷེ་ཇེ་པེ་སྲིད་དོན་ཚོགས་པའི་ལས་ཀའི་རྒྱབ་མདུན་གཉིས་ཀར་བལྟས་ཡོང་ན། ཨར་ཨད་སི་ཨད་སི་ (RSS) ཚོགས་པས་ག་དུས་ཡིན་ནའང་རོགས་པ་བྱེད་ཀྱི་ཡོད་པ་རེད། ཚོགས་པ་དེས་བོད་པའི་སྒང་ལ་ལྟ་སྟངས་ཏོག་ཙམ་ཤུགས་ཆེན་པོ་རེད། གང་རེད་ཟེར་ན། རྒྱ་གར་གྱི་སྲུང་སྐྱོབ་ཆེད་བོད་དོན་འདི་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱས་ཡོང་དུས་བོད་པའི་གནས་ཚུལ་དེ་གལ་ཆེན་པོ་ཡིན་པ་ལབ་ཀྱི་ཡོད། རྒྱབ་ལྗོངས་དེ་ཚོར་བལྟས་ཡོང་ན་བོད་ཀྱི་གནད་དོན་ཐོག་ལྟ་སྟངས་ཡག་ཙམ་འགྲོ་རྒྱུ་རེད་བསམ་ཀྱི་འདུག ཡིན་ནའང་གཞུང་གང་ཞིག་བསླེབས་ཀྱང་ཕྱི་འབྲེལ་སྲིད་བྱུས་དེ་ལས་སླ་བོར་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད། གསུམ་པ། སྔ་ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ལ་རུ་ཁག་གསུམ་དུ་བགོས་ནས་མངའ་སྡེའི་བློན་ཆེན་དང་གནད་ཡོད་མི་སྣ་ཚོར་མཇལ་འཕྲད་གནང་སྐབས། སྐུ་ཞབས་མུ་དྷེ་ལགས་ཀྱིས་བོད་པའི་སྤྱི་འཐུས་རྣམ་པར་སྣེ་ལེན་དང་མཇལ་འཕྲད་ཧ་ཅང་ཡག་པོ་གནང་འདུག དེ་འདྲར་བལྟས་པ་ཡིན་ན་ཏོག་ཙམ་བོད་པའི་སྒང་ལ་ལམ་སང་བྱེད་ཐུབ་མེད་ཀྱང་གཞི་རྩའི་ཆ་ནས་ཡག་པོ་མེད་འགྲོ་བསམ་གྱི་འདུག དཔེར་ན། རྒྱ་ནག་གིས་ས་མཚམས་སུ་ཚུར་འཛུལ་བ་འདྲ་བྱས་ན་ཁོང་གིས་མཁྲེགས་པོ་བྱེད་རྒྱུ་རེད་བསམ་གྱི་འདུག དེ་འདྲའི་ཐོག་ནས་རང་ཤུགས་ཀྱིས་བོད་པའི་ཐོག་ལ་ཕན་ཐོགས་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད།
དྲི་བ། ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ཁྲོད་བཙན་བྱོལ་བོད་མི་གང་མང་ཞིག་གིས་འོས་བསྡུའི་ཆ་ཤས་བླངས་ཡོད་པའི་ཐོག་གཟིགས་ཚོར་གང་འདྲ་ཡོད།
ལན། རྒྱ་གར་ནང་བོད་མི་ཆིག་འབུམ་ཉིས་ཁྲི་ཙམ་ཡོད་པ་ལས། ཐེངས་འདིར་འོས་བསྡུའི་ཆ་ཤས་ལེན་མཁན་བརྒྱ་ཆ་ཧ་ཅང་ཉུང་ཉུང་རེད། རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་བོད་མི་ཚོར་འོས་ཤོག་ལྡུག་རྒྱུའི་ཐོབ་ཐང་སྤྲད་པ་རེད། ཐོབ་ཐང་འདི་ལོངས་སུ་སྤྱོད་མིན་བོད་མི་ཚོའི་རང་དབང་རེད། ང་ལ་མཚོན་ལ་ཐོབ་ཐང་དེ་ལོངས་སུ་སྤྱད་ན་འགྲིག་དང་མི་འགྲིག་བཤད་ཤེས་ཀྱི་མེད། ཏན་ཏན་གཟབ་གཟབ་བྱེད་དགོས་པ་རེད་བསམ་གྱི་འདུག ང་ཚོས་ཕྱི་ལོགས་ལ་ཚོགས་པ་འདི་དང་དེ་ལ་རྒྱབ་སྐྱོར་ཡོད་ཟེར་ནས་སྐད་བརྒྱབ་པ་ཡིན་ན། མ་འོངས་བར་ང་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་པའི་ཉེན་ཁ་ཡོད་པ་རེད། འོས་བསྡུའི་ཆ་ཤས་ལེན་སྐབས་བོད་པའི་རྩ་དོན་མ་བརྗེད་པའི་ཐོག་ནས་མངོན་གསལ་མེད་པ་གནང་རྒྱུ་གལ་ཆེན་པོ་རེད།
དྲི་བ། སྐུ་ཞབས་མུ་དྷེ་ལགས་སྲིད་བློན་ཆགས་རྗེས་འཛམ་གླིང་རྒྱལ་ཁབ་ཁག་གི་བར་ཕྱི་འབྲེལ་སྲིད་བྱུས་གང་འདྲ་འཛིན་མིན་དང་། ལྷག་པར་དུ་རྒྱ་གར་ནག་གི་གནད་དོན་ཐོག་འགྱུར་བ་གང་འདྲ་འགྲོ་སྲིད་དམ།
ལན། མུ་དྷེ་ལགས་ད་རེབ་སྲིད་བློན་འོས་མིར་བཞེངས་བའི་སྐབས་སུ་ཁོང་ཚོའི་དྲིལ་བསྒྲགས་ཀྱི་གཏམ་བཤད་མང་པོར་ངས་ལྟ་རྒྱུ་བྱུང་སོང་། དེའི་ནང་ཁོང་གིས་ཤུགས་ཆེ་ཤོས་ག་རེ་ལབ་འདུག་ཟེར་ན། ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་རྒྱལ་ཁབ་ཆེ་ཆུང་ག་འདྲ་ཞིག་ཡིན་ཡང་། ཚང་མར་མིག་གིས་འདྲ་མཉམ་བལྟས་ཏེ་སྐད་ཆ་བཤད་རྒྱུ་ཡིན། མིག་གིས་མར་བལྟས་ནས་དཔའ་ཞུམ་པའི་སྐད་ཆ་བཤད་དགོས་དོན་མེད་ལ། མིག་གིས་ཕར་བལྟས་ཏེ་ངར་དགོས་དོན་ཡང་མེད། ཚང་མར་འདྲ་མཉམ་ཐོག་ནས་སྐད་ཆ་བཤད་རྒྱུ་དེ་ཁོང་གི་སྲིད་བྱུས་དང་པོ་ཡིན་ཞེས་ལབ་འདུག དེར་བལྟས་ཡོང་ན། པ་ཀི་སི་ཐན་ཡིན་ན་འདྲ། རྒྱ་ནག་དང་ཨ་རི་ཡིན་ན་འདྲ་ཚང་མ་འདྲ་མཉམ་གྱིས་སྐད་ཆ་བཤད་རྒྱུ་ཡིན། ཚུར་བརྙེས་གཙེར་བྱས་ན་ཕར་ཁ་གཏད་གཅོག་རྒྱུ་ཡིན་པ་དང་། ཚུར་ཡག་པོ་བྱས་ན་ཕར་ཡག་པོ་བྱེད་རྒྱུ་ཡིན་པ། དཔའ་ཞུམ་ནས་སྡོད་རྒྱུ་མིན་པ་དང་། དཔའ་ངར་ནས་འགྲོ་འདོད་ཀྱང་མེད་པའི་སྐད་ཆ་རེད། དེ་ཚོར་བལྟས་ཡོང་ན་རྒྱལ་ཁབ་ཚང་མར་འདྲ་མཉམ་གྱི་སྲིད་བྱུས་ཤིག་འཛིན་དགོས་པ་དེ་ཁོ་རང་གི་འགན་རེད་བསམ་གྱི་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
བཀུར་འོས་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་ཧ་ཅང་གནད་འགག་ཅན་འགའ་ཞིག་གསུངས་འདུག ཡིན་ནའང་དྲི་བ་དག་ལ་ཁ་ཐུག་གིས་ལན་བརྒྱབ་མི་འདུག དེ་ཆབ་སྲིད་པའི་གཡོལ་སྟངས་ཤིག་ཡིན་རྒྱུ་རེད།
བོད་པ་བཙན་བྱོལ་བ་རྣམས་ཐོག་མ་རྒྱ་གར་ལ་གནས་ཚང་གཡར་མཁན་དེ་ཁཱང་གྷརེ་ཚོགས་པ་རེད། ང་ཚོས་ཁ་ཞེ་གཉིས་མེད་ཐོག་ཁཱང་གྷརེ་ཚོགས་པར་རྒྱབ་སྐྱོར་བྱེད་དགོས་པ་རེད། བྷེ་ཅི་པེ་ཚོགས་པར་མཚོན་ན་ ༢༠༠༡ ལོར་རྒྱ་ནག་ལ་ (བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད།)ཟེར་མཁན་གྱི་གཞུང་འཛིན་ཚོགས་པ་དེ་རེད། གནས་ཚུལ་འདི་ཚང་མས་ཤེས་དགོས་པ་རེད། མགོ་བདེ་བོ་དང་ཐབས་མཁས་པོ་འདྲ་ཞིག་བྱས་ཏེ་བསྡད་ན་ཡག་པོ་ཡོད་པ་མ་རེད། ང་ཚོས་ཆབ་སྲིད་འཁྲབ་ཀྱི་ཡོད་པ་དེ་རྒྱ་གར་གྱི་ཆབ་སྲིད་པ་དེ་ཚོས་ཧ་གོ་གི་མ་རེད་དམ། འདི་ལྟར་ཕྱིན་པ་ཡིན་ན་ཁུངས་འཁྱོལ་ཐབས་ཡོད་པ་མ་རེད། ལངས་ཕྱོགས་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་རེད། སྔོན་མ་ཐབས་མཁས་མདོག་གིས་དེ་འདྲ་བྱེད་སྟངས་ཤིག་ཡོད་པ་རེད་དེ་དེང་སྐབས་དེ་འདྲ་མི་སུ་ལའང་འགྲོ་གི་མ་རེད། དེ་ཚང་མས་མཁྱེན་དགོས་པ་རེད།