རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུ་ཆེན་མོའི་ཁྲོད་བྷེ་ཇེ་པེ་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་སྟེ། ཚེས་ ༢༦ ཉིན་གྱི་ཕྱི་དྲོར་ཚོགས་པའི་སྲིད་བློན་འོས་མི་ནཱ་རན་ཌི་མུ་དྷེ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་གསར་པའི་སྲིད་བློན་ལས་ཁུངས་མདུན་ཐང་དུ་ལས་འཁུར་དམ་འབུལ་ཞུས་ཡོད་སྟབས། འདི་གའི་གསར་འགོད་པས་གོང་གསལ་གནས་ཚུལ་སྐོར་ལ་ (ཕ་ཡུལ) དབྱིན་ཡིག་དྲ་བའི་རྩོམ་སྒྲིག་པ་ཟུར་བ་ཤེས་རབ་འོད་ཟེར་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། སྐུ་ཞབས་ནཱ་རན་ཌི་མུ་དྷེ་མཆོག་གིས་སྲིད་བློན་ལས་འཁུར་དམ་འབུལ་གྱི་མཛད་སྒོ་ཚོགས་སྟངས་དང་། དེའི་སྟེང་སྐུ་མགྲོན་ཕེབས་ཕྱོགས་བཅས་ལ་གཟིགས་ཚོར་གང་འདྲ་བྱུང་སོང་།
ལན། དམངས་གཙོའི་གཞུང་གྲུབ་སྟངས་རིགས་མང་པོ་ཡོད་པ་ལས་རྒྱ་གར་འདི་སྲིད་བློན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཡང་། ད་རེབ་རྒྱལ་ཡོངས་འོས་བསྡུའི་སྐབས་སྲིད་འཛིན་རིང་ལུགས་ལྟར་ཆབ་སྲིད་ཚོགས་པའི་བར་འོས་བསྡུའི་འགྲན་རྩོད་ཤུགས་ཆེན་བྱས་པ་བརྒྱུད་ནས་ལོ་ ༣༠ རྗེས་རྒྱ་གར་ནང་བྱུང་མྱོང་མེད་པའི་འོས་བསྡུའི་རྒྱལ་ཁ་དེ་བྷེ་ཇེ་པེ་སྲིད་དོན་ཚོགས་པའི་སྐུ་ཞབས་ནཱ་རེན་ཌ་མུ་དྷེ་མཆོག་ལ་ཐོབ་སོང་། སྔར་དང་མི་འདྲ་བར་དམ་འབུལ་མཛད་སྒོར་ལྷོ་ཨེ་ཤ་ཡའི་མངའ་ཁུལ་མཉམ་སྦྲེལ་རྒྱལ་ཁབ་ ( SAARC ) ཁག་ ༧ ཙམ་གྱི་སྲིད་འཛིན་དང་སྲིད་བློན་གདན་ཞུ་གནང་ཡོད་པ་མ་ཟད། རྒྱལ་ཁབ་ཆུང་ཆུང་དང་ཁུག་ཀྱོག་མལ་ཌེབ་སི་ ( Maldives) ཀྱི་སྲིད་འཛིན་ཡང་གདན་ཞུ་གནང་སྟེ་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་རྣམ་འགྱུར་ཆེན་པོ་ཞིག་བསྟན་པ་རེད་བསམ་གྱི་འདུག ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཀྱང་གདན་ཞུ་གནང་བ་དེ་བོད་དོན་ཐོག་རྒྱབ་སྐྱོར་དང་བོད་པར་ཤ་ཞེན་ཡོད་པའི་རྣམ་འགྱུར་གསལ་བོ་རེད།
དྲི་བ། སྐུ་ཞབས་ནཱ་རན་ཌི་མུ་དྷེ་མཆོག་ནམ་རྒྱུན་མི་ག་འདྲ་ཞིག་ཡོད་པ་དང་། ཁོ་རང་གི་ཁྱད་ཆོས་གཙོ་བོ་གང་དག་ཡིན་ནམ།
ལན། བྷེ་ཇེ་པེ་སྲིད་དོན་ཚོགས་པའི་སྲིད་བློན་འོས་མི་ནཱ་རེན་ཌི་མུ་དྷེ་མཆོག་ལ་མཚོན་ན། སྤྱིར་བཏང་ཇ་ཚོང་མཁན་གྱི་ཁྱིམ་ཚང་ཉམ་ཆུང་ཞིག་ནས་འཚར་ལོངས་བྱུང་སྟེ་བྷེ་ཇེ་པེ་ཚོགས་པའི་ནང་ཕྱག་ལས་གནང་བ་དང་། དེའི་རྗེས་རྒྱ་གར་གྱི་ཧིན་རྡུའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ ( RSS) ཚོགས་པའི་ནང་གི་མི་དྲག་ཤོས་ཤིག་ཆགས་པ་མ་ཟད། གྷོ་ཇི་ར་ཐའེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་གསུམ་ཙམ་གནང་ཡོད་པ་རེད། བྷེ་ཇེ་པེ་ཚོགས་པ་འདི་གཡས་ཕྱོགས་ཅན་དང་རྒྱལ་ཞེན་ཅན་ཞིག་ཡིན་སྟབས། ནཱ་རེན་ཌི་མུ་དྷེ་ཡང་རྒྱལ་ཞེན་ཅན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཨང་དང་པོ་འཇོག་མཁན་ཞིག་དང་། རྒྱལ་ཁབ་ལ་གནོད་སྐྱེལ་མཁན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཚོར་ཁ་གཏད་གཅོག་ཐུབ་མཁན་ཞིག་རེད་བསམ་གྱི་ཡོད།
དྲི་བ། ཐེངས་འདིའི་རྒྱ་གར་འོས་བསྡུ་ཆེན་མོའི་ཁྲོད་བྷེ་ཇེ་པེ་དང་ནཱ་རེན་ཌི་མུ་དྷེ་མཆོག་ལ་རྒྱལ་ཁ་འཐོབ་དགོས་པའི་རྒྱུ་མཚན་གཙོ་བོ་གང་དག་མཐོང་གི་ཡོད་དམ།
ལན། ངས་རྒྱུ་མཚན་གཙོ་བོ་གཉིས་མཐོང་གི་ཡོད། གཅིག དེ་སྔོན་ཀོང་རེ་སི་ཆིག་སྒྲིལ་ཡར་རྒྱས་མནའ་འབྲེལ་ཚོགས་པས་སྐབས་དང་པོ་དང་གཉིས་པའི་རྒྱ་གར་གཞུང་འཛིན་སྐབས་མང་ཚོགས་ཁྲོད་བསམ་ཚུལ་ཤུགས་ཆེན་པོ་བྱུང་བ་རེད། གཙོ་ཆེ་ཤོས་འདས་པའི་ལོ་ ༡༠ རིང་ཀོང་རེ་སི་སྲིད་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་ལྐོག་ཟ་བྱས་པ་དེ་རེད། གཉིས་པ། རྒྱལ་ཡོངས་འོས་བསྡུའི་སྐབས་སྲིད་བློན་ཟུར་པ་མན་མོ་ཧན་སིན་མཆོག་གི་ཕྱག་ལས་གནང་སྟངས་དང་ལངས་ཕྱོགས་གང་ཡིན། དེ་བཞིན། ཚོགས་པའི་སྲིད་བློན་འོས་མི་སོགས་གསལ་བོ་བཟོ་མ་ཐུབ་པ་བཅས་ལ་བརྟེན་ཏེ་ཕམ་ཉེས་བྱུང་བ་རེད། ལྷག་པར་དུ་སྐུ་ཞབས་ནཱ་རེན་ཌི་མུ་དྷེ་མཆོག་ནི་རྒྱ་གར་གྱི་དཔལ་འབྱོར་ཉམས་གསོ་བྱེད་ཐུབ་མཁན་ཞིག་དང་། ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་སེལ་ཐུབ་མཁན་ཞིག་ཡིན་སྐོར་སོགས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་པ་སོགས་ལ་བརྟེན་ཏེ་རྒྱལ་ཁ་ཐོབ་པ་ཞིག་རེད་བསམ་གྱི་འདུག
དྲི་བ། སྐུ་ཞབས་ནཱ་རེན་ཌི་མུ་དྷེ་མཆོག་སྲིད་བློན་དུ་བསྡད་རྗེས་རྒྱ་གར་གྱི་ཕྱི་འབྲེལ་གཙོས་པའི་དཔལ་འབྱོར་དང་ཤེས་ཡོན་སོགས་ཀྱི་ཐད་འགྱུར་བ་གང་དག་འགྲོ་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད།
ལན། སྤྱིར་བཏང་རྒྱལ་ཁབ་དང་ཚོགས་པ་གང་ཞིག་ཡིན་རུང་དབུ་ཁྲིད་བརྗེ་བོ་བརྒྱབ་པ་ཙམ་གྱིས་ཁ་ཐུག་གིས་སྲིད་ཇུས་ལ་འགྱུར་བ་འགྲོ་རྒྱུ་ཁག་པོ་ཡོད་པ་རེད། ནཱ་རེན་ཌི་མུ་དྷེའི་རོགས་པ་ཡག་ཤོས་ཨ་མེ་ཌེ་ཤཱ་ ( Amit Shah) ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་ཁག་དང་བཀའ་མོལ་གནང་སྐབས། ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་གང་ཡང་ཐེབས་ཀྱི་མ་རེད་ཅེས་ལབ་འདུག་པ་ལྟར་རེད། ཡིན་ནའང་ལག་བསྟར་བྱེད་སྟངས་ལ་འགྱུར་བ་ཕྲན་བུ་ཡོང་གི་རེད། དཔེར་ན། འགའ་ཤས་ལ་རྣམ་འགྱུར་ཤུགས་ཆེན་སྟོན་དགོས་པ་དང་། ཁ་ཤས་ལ་འབྲེལ་བ་གསར་པ་འཛུགས་དགོས་པ་སོགས་ཡོང་གི་རེད། ང་ཚོས་དེ་སྔའི་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གིས་གཞུང་འཛིན་སྟངས་ལ་བལྟས་ཡོང་ན། ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་ཆེན་པོ་གང་ཡང་ཕྱིན་མེད་པ་གསལ་པོ་རེད། དཔལ་འབྱོར་སྲིད་བྱུས་ཐད། ཀོང་རེ་སི་གཞུང་གིས་འདས་པའི་ལོ་ ༡༠ ལ་གཞུང་བཟུང་སྐབས་ཐོག་མའི་ལོ་ ༥ དང་ ༦ ནང་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་ཏེ་ལོ་རེའི་ཡོང་འབབ་བརྒྱ་ཆ་ ༡༠ ཙམ་འཕར་ཡོད་ཀྱང་། ཉེ་བའི་ལོ་ ༣ ནང་ལོ་རེའི་ཡོང་འབབ་བརྒྱ་ཆ་ ༥ ལས་བྱུང་མེད་ཅིང་། ཡུལ་ཐང་འཕར་ཆའང་བརྒྱ་ཆ་ ༩ དང་ ༡༠ ལ་བསླེབས་ཡོད་སྟབས་ཟས་སོང་ཆེན་པོ་ཆགས་ཏེ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད། མ་འོངས་པར་བྷེ་ཇེ་པེ་ཚོགས་པས་གཞུང་འཛིན་སྐབས་ཨང་དང་པོ་ཡུལ་ཐང་འཕར་ཆ་མར་གཅོག་ཐབས་དང་། ལོ་རེའི་ཡོང་འབབ་བརྒྱ་ཆ་ ༡༠ ཙམ་ཞིག་ལ་བསླེབ་ཐུབ་པ་བྱ་དགོས་སྟབས། ཡུལ་མི་ས་ཡ་ ༡༢ ཙམ་ཞིག་ལ་ལས་ཀ་སྤྲོད་ཐུབ་པ་བྱེད་དགོས། སྔོན་མ་ཀོང་རེ་སི་སྐབས་འཆར་གཞི་ཡོད་ཀྱང་ལག་བསྟར་བྱེད་མ་ཐུབ་པར་ལྷག་བསྡད་པ་དང་། ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་གར་ནང་མ་རྩ་བཙུགས་ཡོད་པ་དག་ཚོང་ལས་དང་བཟོ་གྲྭ་གང་དག་ཐོག་བགོ་འགྲེམ་བྱེད་ཕྱོགས་བཅས་ལ་དོ་སྣང་སྤྲོད་དགོས་པ་ཞིག་ཆགས་ཡོད།
དྲི་བ། རྒྱ་གར་གྱི་སྲིད་བློན་གསར་པ་ནཱ་རེན་ཌི་མུ་དྷེ་མཆོག་གིས་ཁ་གཏད་གཅོག་དགོས་ས་གཙོ་བོ་དང་། མ་འོངས་པར་ཁོང་ལ་ཕྱོགས་གང་དག་ནས་དཀའ་ངལ་འཕྲད་སྲིད་པར་ངོས་འཛིན་གནང་གི་ཡོད་དམ།
ལན། ངས་ནཱ་རེན་ཌི་མུ་དྷེ་མཆོག་གིས་ཕྱི་ནང་གཉིས་ལ་གདོང་ལེན་བྱ་དགོས་པ་ཞིག་མཐོང་གི་ཡོད། དང་པོ། རྒྱལ་ནང་གི་དཔལ་འབྱོར་དཀའ་ངལ་ལ་གདོང་ལེན་དང་། གཉིས་པ། རྒྱ་གར་གྱི་སྤྱི་ཚོགས་འདི་མི་རིགས་འདྲ་མིན་ལས་གྲུབ་པ་ཞིག་ཡིན་སྟབས། རྒྱ་གར་གྱི་དབུ་ཁྲིད་དེ་ཡང་མི་རིགས་འདྲ་མིན་གྱི་སྐུ་ཚབ་མཚོན་ཐུབ་པ་ཞིག་ཡིན་དགོས་ཀྱང་། ད་ཆ་བྷེ་ཇེ་པེར་གྲོས་ཚོགས་འོག་མའི་འཐུས་མི་ ༢༨༢ ཀྱི་རྒྱལ་ཁ་ཐོབ་ཡོད་ཀྱང་། དེ་དག་ཁྲོད་ཁ་ཆེ་གཅིག་ཀྱང་མེད་སྟབས། མིའི་མཐོང་ཚུལ་ལ་ཚོགས་པ་འདིས་རྒྱ་གར་གྱི་ངོ་བོ་མཚོན་ཐུབ་པ་ཁག་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་བསམ་གྱི་འདུག དེ་ནས་རྒྱ་གར་བྱང་ཤར་གྱི་མངའ་སྡེ་བདུན་ཙམ་ད་སྔ་མངའ་སྡེ་གཞན་དང་བསྡུར་ན་སྣང་མེད་ལྟ་བུར་ལུས་ཡོད་པ་དེ་ཚོར་བདག་སྐྱོང་དང་ཡར་རྒྱས་གཏོང་དགོས།
ཕྱིའི་དཀའ་ངལ་ནི། ཀ་ཤི་རྨིར་པ་ཀི་སི་ཐན་གྱི་ཆ་ཤས་ཡིན་ཟེར་བ་དང་། ཨ་རུ་ན་ཅལ་རྒྱ་ནག་གི་ས་ཁོངས་ཡིན་ཟེར། དེ་བཞིན་སིང་གྷ་ལའི་ནང་གི་ཏ་མིལ་མི་རིགས་ཀྱི་གནད་དོན་སོགས་ལ་གདོང་ལེན་བྱེད་དགོས་པ་ཆགས་ཡོད། ཉེ་ཆར་ནཱ་རེན་ཌི་མུ་དྷེའི་སྲིད་བློན་གྱི་དམ་འབུལ་མཛད་སྒོ་སྐབས་པ་ཀི་སི་ཐིན་གྱི་སྲིད་བློན་ནཱ་ཝ་ཤཱ་རེ་ཧྤི་ (Nawaz Sharif) མཆོག་ཕེབས་ཐུབ་པ་མ་ཟད། ནཱ་རེན་ཌི་མུ་དྷེས་ལག་པ་བཏང་སྟེ་ཞི་མོལ་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་དཀའ་ངལ་སེལ་རྒྱུ་ཡིན་ཞེས་བཟང་ཕྱོགས་ཀྱི་གོམ་པ་མགོ་འཛུགས་ཙམ་བྱས་ཡོད་ཀྱང་། གོམ་པ་དེ་གོམ་པ་བཅུ་གྲངས་བར་བསླེབ་ཐུབ་མིན་གཞི་ནས་ལྟ་རྒྱུ་བསྡད་ཡོད་པ་རེད། ཉེ་ལམ་ཟླ་ཤས་གོང་པ་ཀི་སི་ཐན་དམག་མིས་རྒྱ་གར་གྱི་དམག་མི་བསད་དེ་མགོ་གཏུབ་པའི་གནས་ཚུལ་བྱུང་བ་རེད། སིང་གྷ་ལའི་གཞུང་གིས་སིང་གྷ་ལའི་གྲངས་ཉུང་མི་རིགས་ཏ་མིལ་ (Tamil) ལ་མི་གསོད་ཁྲག་སྦྱོར་བྱས་ཡོད། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་ཁོང་དང་འབྲེལ་བ་ཡག་པོ་ཡོང་རྒྱུའི་རེ་བ་ཡོད་པའི་འཚམས་འདྲི་ཞུས་ཡོད་ཀྱང་། དེ་སྔོན་ནཱ་རེན་ཌི་མུ་དྷེས་ཨ་རུ་ན་ཅལ་མངའ་སྡེའི་ནང་འོས་བསྡུའི་ཁྱབ་བསྒྲགས་གནང་སྐབས། རྒྱ་ནག་གིས་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློ་དེ་དོར་དགོས་ཞེས་བརྗོད་ཡོད། འདི་ལོ་རྒྱ་དཀར་ནག་གཉིས་ཀྱིས་རྒྱ་གར་ལ་ཚོང་ལས་ཐོག་ཧ་ལམ་ཨ་སྒོར་ཐེར་འབུམ་ ༣ ལྷག་གི་གྱོང་རག་བསྡད་ཡོད་སྟབས། མ་འོངས་པའི་ཟླ་ ༣ དང་ ༤ ནང་ཚུད་དུ་དཀའ་ངལ་དེ་དག་སྐོར་གླེང་སློང་བྱ་སྲིད་པ་རེད།
དྲི་བ། བྷེ་ཇེ་པེ་ཚོགས་པ་དེ་བོད་མི་དང་བོད་རྒྱའི་གནད་དོན་ཐོག་ལྟ་སྟངས་གང་འདྲ་འཛིན་མཁན་ཞིག་ཡིན་ནམ།
ལན། སྤྱིར་བཏང་རྒྱ་གར་ཙམ་མིན་པར་རྒྱལ་ཁབ་དང་ཚོགས་པ་ག་འདྲ་ཞིག་ཡིན་ཡང་། ཕྱོགས་འགལ་ཚོགས་པའི་སྐབས་བོད་དོན་ཐོག་རྒྱབ་སྐྱོར་མང་པོ་གནང་བསྡད་མཁན་ཞིག་ཆགས་ཡོད། བྷེ་ཇེ་པེ་ལ་ཆ་བཞག་ནའང་བོད་པར་བློ་ཐག་ཉེ་བོ་ཡོད་ཀྱང་དེ་སྔོན་བཱ་ཇི་བྷ་ཡེ་ (Atal Bihar Vajpayee) མཆོག་རྒྱ་གར་གྱི་སྲིད་བློན་གནང་སྐབས་རྒྱ་ནག་ཏུ་ཕྱིན་ཏེ། བོད་རང་སྐྱོང་ལྗོངས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ཚུལ་བཤད་ཡོད། སྔ་ལོར་བཀའ་སྤྱི་གཉིས་ཀྱིས་ལྡི་ལིར་ལས་འགུལ་སྤེལ་སྐབས། ད་ལྟའི་ཁྲིམས་ལུགས་དང་ཏར་འཕྲིན་གྱི་བློན་ཆེན་རཱ་བེ་ཞང་ཀར་ (Ravi Shankar Prasad) མཆོག་དང་། ཟས་རིགས་བློན་ཆེན་རམ་པ་སེ་ཝན་ (Ram Vilas Paswan) མཆོག ཇཱ་སེ་ཝང་སིང་(Jaswant Singh) མཆོག ཡཱ་ཤེ་ཝང་སིན་ཧཱ་ (Yashwant Sinha) མཆོག་ཕེབས་པ་མ་ཟད། ཨ་ཌི་ཝ་ནེ་ (L.K Advani) མཆོག་ལས་འགུལ་དབུ་འབྱེད་ལ་ཕེབས་ཏེ་༧གོང་ས་མཆོག་རྒྱ་གར་གྱི་གྲོས་ཚོགས་ནང་གདན་ཞུ་གནང་སྟེ་བཀའ་སློབ་གནང་རྒྱུའི་གོ་སྐབས་བསྐྲུན་རྒྱུ་ཡིན་སྐོར་སོགས་ལབ་ཡོད། དེ་སྔོན་ནཱ་རེན་ཌི་མུ་དྷེ་མཆོག་གྷོ་ཇི་ར་ཐའེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས་༧གོང་ས་མཆོག་དང་མཇལ་ཡོད་ལ། ཉེ་ལམ་ཁོ་རང་སྲིད་བློན་ཆགས་རྗེས་༧གོང་ས་མཆོག་གིས་མཚམས་འདྲིའི་གསུང་འཕྲིན་བསྩལ་བ་དེར་ཁོ་རང་གིས་ཀྱང་ཐུགས་རྗེ་ཆེ་ཞུས་པ་སོགས་ཕན་ཚུན་སྐད་ཆ་བཤད་རྒྱུ་ཡོད་པའི་འབྲེལ་བ་ཞིག་ཆགས་ཡོད། གལ་ཆེ་ཤོས་ཤིག་ལ། ཉེ་ལམ་བྷེ་ཇེ་པེ་ཚོགས་པ་གཞུང་འཛིན་ཆགས་རྗེས། རྒྱ་གར་གྱི་སྲིད་དོན་མཁས་པ་སྐུ་ཞབས་ཌོ་ཝལ་ (Dr.Ajit Kumar Doval) དེ་རྒྱ་གར་གི་སྲིད་བློན་གསར་པ་ནཱ་རེན་ཌི་མུ་དྷེ་ཡི་རྒྱལ་སྲུང་སློབ་སྟོན་པར་བསྐོ་བཞག་བྱས་ཡོད་པ་རེད། ཁོ་ནི་རྒྱ་གར་གྱི་གཞུང་ཞབས་ཟུར་བ་ཞིག་ཡིན་པ་མ་ཟད་བོད་དོན་ཐོག་འབྲེལ་བ་ཡག་པོ་ཡོད་མཁན་ཞིག་ཀྱང་རེད། བོད་དོན་སྐོར་གྱི་རྩོམ་ཡིག་ཀྱང་མང་པོ་བྲིས་ཡོད་པ་རེད། དེར་མ་ཟད་སྔོན་མ་ཁོང་གིས་སྲིད་སྐྱོང་མཆོག་རྒྱ་གར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་གདན་ཞུ་གནང་སྟེ་གཏམ་བཤད་གནང་བཅུག་ཡོད།
དྲི་བ། སྤྱིར་བཏང་རྒྱ་གར་ཀོང་རེ་སི་སོགས་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ཆེ་ཁག་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་ཁྱད་པར་གང་དག་ཡོད་དམ།
ལན། དྲང་པོ་ཞུས་ན། ཆབ་སྲིད་ཚོགས་པ་ཁག་གིས་བོད་དོན་ཐོག་སྲིད་བྱུས་གང་འདྲ་ཡོད་མེད་ངས་ཤེས་ཀྱི་མེད། ཕྱོགས་འགལ་ཚོགས་པ་ཡིན་སྐབས་རྣམ་འགྱུར་ཞིག་དང་། གཞུང་འབྲེལ་ཚོགས་པ་ཡིན་སྐབས་རྣམ་འགྱུར་ཞིག་ཡོད་པ་རེད། གཙོ་བོ་ང་ཚོས་འབྲེལ་བ་ཡག་པོ་འཛུགས་ཐུབ་མིན་ལ་རག་ལས་ཡོད་པ་རེད། དེ་ནས་ས་གནས་ལ་ཁྱད་པར་ཡོད་པ་རེད། ཧི་མ་ཅལ་མངའ་སྡེར་ཆ་བཞག་ན་ཝིར་བྷ་དྷུར་སིན་ (Virbhadra Singh) མཆོག་གིས་སྣེ་ཁྲིད་པའི་ཀོང་རེ་སེས་དབང་ཆ་བཟུང་བསྡད་ཡོད། ཁོ་རང་དང་བོད་མི་ཚོ་འབྲེལ་བ་ཡག་པོ་ཡོད་སྟབས། བོད་མིའི་གཞིས་ཆགས་དང་སྐྱིད་སྡུག་ཁག་ལ་ཕན་ཐོགས་ཡོང་གི་ཡོད། ལོ་ ༥ སྔོན་ཧི་མ་ཅལ་མངའ་སྡེ་ཀུ་མར་དྷོ་མལ་ (Prem Kumar Dhumal) མཆོག་གིས་སྣེ་ཁྲིད་པའི་བྷེ་ཇེ་པེ་ཚོགས་པས་འཛིན་སྐབས་ང་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་རེད། ད་ལྟའི་རྒྱ་གར་གཞུང་གི་བློན་ཆེན་མང་པོ་ཞིག་བོད་དོན་དང་བོད་པའི་གནས་སྟངས་མཁྱེན་མཁན་ཞིག་ཡིན་སྟབས། ང་ཚོས་བཟང་ཕྱོགས་ཀྱི་རེ་བ་རྒྱག་དགོས་པ་ཞིག་རེད་བསམ་གྱི་འདུག
དྲི་བ། ཐེངས་འདིར་རྒྱ་གར་འོས་བསྡུའི་ཁྲོད་བོད་མི་མང་པོ་ཞིག་གིས་ཆ་ཤས་བླངས་ཡོད་སྟབས། གནས་ཚུལ་དེ་རིགས་ཀྱིས་བོད་པ་སྐྱབས་བཅོལ་བའི་ངོ་བོ་དང་ཐོབ་ཐང་སོགས་ལ་དོ་ཕོག་འགྲོ་སྲིད་དམ།
ལན། དེ་མི་སྒེར་ཞིག་གིས་ཐག་གཅོད་ཅིག་ཡིན་སྟབས་ངས་དེ་འགྲིག་ཡོད་མེད་ཞུ་ཐུབ་ཀྱི་མ་རེད། རྒྱ་ཆེ་ས་ཞིག་ནས་བསམ་བློ་བཏང་ན། བོད་ནང་གི་བོད་མི་ཚོས་རྒྱ་མིའི་མིང་འཁུར་འདོད་མི་འདུག་ཟེར་ནས་རྩོམ་འབྲི་མཁན་དང་གཞས་གཏོང་མཁན། རང་སྲོག་བློས་གཏོང་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་གཟི་བརྗིད་ཆེན་པོ་རེད་བསམ་གྱི་འདུག ང་ཚོ་རང་དབང་ལུང་པར་སྡོད་མཁན་ཚོས་རྒྱ་གར་དང་ཕྱི་རྒྱལ་གྱི་མི་སེར་ལེན་པ་ཡིན་ན། ང་ཚོའི་འཐབ་རྩོད་ལ་དོ་ཕོག་འགྲོ་མིན་ནི་ཚིག་ཆེན་པོ་ཞིག་ཡིན་ཡང་། དེ་ཞན་ཆ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་གཞན་གྱི་མི་སེར་བྱས་ཏེ་བོད་དོན་ཐོག་ལས་ཀ་བྱེད་ཐུབ་མིན་དེ་ཁ་ཁ་རེད། གང་ལྟར་ང་རང་ཚོའི་རྣམ་འགྱུར་སྟོན་སྟངས་དང་ངོ་བོར་སྐྱོན་ཆ་ཏན་ཏན་ཡོང་གི་རེད་བསམ་གྱི་འདུག
གསར་འགོད་པ། དོན་གྲུབ།
བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།
ཕོ་གསར་རྫིག་པོ་དྭངས་བའི་སྣང་བ་ཅན་ཞིག་འདུག སྐད་ཆ་བཤད་པའང་མགོ་རྔ་ཚང་བ་ནང་དོན་ཟབ་པོ་ཡོད་པ་ཞིག་གསུངས་འདུག ཐུགས་རྗེ་ཆེ། དྲིས་ལན་ལ་བལྟས་པ་ཡིན་ན་ཆབ་སྲིད་སྐོར་ལ་ནམ་རྒྱུན་དོ་སྣང་ཆེན་པོ་ཡོད་པ་མ་ཟད་གཏིང་ཟབ་པོའི་ཐོག་ནས་བསམ་བློ་བཏང་མྱོང་བ་དང་ཤེས་ཡོན་གྱི་ཚད་གཞི་ཡང་ཡག་པོ་ཡོད་པ་ཞིག་ཚོར་སོང་།
ཤེས་རབ་ལགས་དེ་སྔ་གཞོན་ནུའི་དྲིལ་བསྒྲགས་འགན་འཛིན་ཡིན་དུས་ནས་སྐད་ཡིག་ཙམ་མ་ཟད་་བསམ་བློའི་གནས་ཚད་ཀྱང་ཅུང་ལེགས་པོ་ཡོད་མཁན་ཞིག་ཡིན་པ་མཐོང་སོང་།
ཕ་ཡུལ་གྱི་རྩོམ་སྒྲིག་བྱེད་པའི་སྐབས་ལ་རྩོམ་ཡིག་ཀྱང་ལེགས་པོ་འགའ་རེ་བྲིས་སོང་།
དེ་རིང་འདིར་ཡང་སྐད་ཆ་གཙང་མ་དང་། ལངས་ཕྱོགས་དང་ལ་རྒྱ་ཡོད་པའི་རྣམ་པ་ཅན། ཧམ་བཤད་དང་ཚོད་དཔག་གི་སྐད་ཆ་ཉུང་བཅས་གང་ལེགས་འདུག