ཟླ་འདིའི་ཚེས་ ༢༢ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་ནོར་ཝེ་རྒྱལ་སར་ཚོགས་པའི་ཨོ་སི་ལོ་རང་དབང་གླེང་སྟེགས་(Oslo Freedom Forum)ཞེས་པའི་སྟེང་། འདི་ལོའི་རྣམ་དཔྱོད་ལྡན་པའི་བརྩམས་ཆོས་སྒྱུ་རྩལ་ (Havel Prize)ཞེས་པའི་གཟེངས་རྟགས་དེ། བོད་ནང་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་སུ་སྤྲད་ཡོད་ཅིང་། ཉིན་དེར་ཁོང་གི་བཟའ་ཟླ་ལྷ་མོ་མཚོ་ལགས་ཀྱིས་གཟེངས་རྟགས་དེ་བཞེས་ཡོད་སྟབས། འདི་གས་གསར་འགོད་པས་འཇིགས་བྲལ་གློག་བརྙན་ཕབ་སྐྲུན་ལས་རོགས་ཆབ་སྲིད་བཙོན་ཟུར་གྲྭ་མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས།
དྲི་བ། ཟླ་འདིའི་ཚེས་ ༢༢ ཉིན་ནོར་ཝེ་རྒྱལ་སར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས། ཁྱོད་ཀྱི་ལས་རོགས་དོན་འགྲུབ་དབང་ཆེན་ལགས་སུ། ད་ལོའི་རྣམ་དཔྱོད་ལྡན་པའི་གཟེངས་རྟགས་ཤིག་གནང་ཡོད་པ་དེར་སེམས་ཚོར་གང་འདྲ་བྱུང་།
ལན། ཉེ་ཆར་ངའི་ལས་གྲོགས་དོན་འགྲུབ་དབང་ཆེན་ལགས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཚོགས་པ་ཞིག་གིས་གཟེངས་རྟགས་ཞིག་ཕུལ་བའི་གནས་ཚུལ་དེ་ཐོས་ཏེ་ཧ་ཅང་དགའ་བོ་བྱུང་སོང་། དེ་ག་རེ་རེད་ཟེར་ན། དོན་འགྲུབ་དབང་ཆེན་ཁོ་རང་གིས་ཐོག་མ་ནས་དཀའ་ལས་མང་པོ་བརྒྱབ་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་བཙོན་འོག་ནས་ལོ་དྲུག་རིང་སྡུག་བསྔལ་མནར་སྤྱོད་མྱངས་ཡོད་སྟབས། ཁོ་ལ་ད་རེབ་གཟེངས་རྟགས་འདི་འདྲ་ཞིག་གནང་བ་དེ་འོས་ཤིང་འཚམ་པ་ཞིག་རེད་བསམ་གྱི་འདུག དེ་དང་མཉམ་དུ་གློག་བརྙན་དེའི་ནང་མི་མང་པོ་ཞིག་གིས་འཇིགས་སྐྲག་མེད་པའི་ཐོག་ནས་སྐད་ཆ་བཤད་ཡོད་པ་རེད། ངས་དེ་རིང་ཁོ་རང་ཚོ་ཚང་མས་ཚབ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ནང་གི་མི་དེ་དག་གི་རེ་འདུན་ཟེར་ན་འདྲ། ཁོང་ཚོའི་དྲང་བདེན་གྱི་སྐད་ཆ་དང་སྙིང་སྟོབས་ལ་ཡང་འཛམ་གླིང་གི་ཚོགས་སྡེ་དང་རྒྱལ་ཁབ་ཚོས་རྒྱབ་སྐྱོར་དང་བདག་པོ་ཞིག་རྒྱག་དགོས་པ་རེད་བསམ་གྱི་འདུག
དྲི་བ། ད་རེབ་གཟེངས་རྟགས་དེ་བཞེས་པའི་སྐབས་སུ། དོན་འགྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོས། གཟེངས་རྟགས་དེ་དོན་འགྲུབ་དབང་ཆེན་གྱི་མཚན་ཐོག་ལ་སྤྲད་ཡོད་ཀྱང་། ལས་དོན་དེའི་གྲུབ་འབྲས་སྐབས་དེར་དཀའ་ལས་རྒྱག་རོགས་ཡོངས་མཉམ་རུབ་ཀྱིས་བླངས་པ་ཞིག་རེད་གསུངས་སོང་། ཐེངས་འདིའི་རྒྱལ་སྤྱིའི་སྟེང་གི་ངོས་འཛིན་དེར་གཟིགས་ཚུལ་གང་འདྲ་ཡོད།
ལན། འཇིགས་བྲལ་གློག་བརྙན་དེ་དོན་འགྲུབ་དབང་ཆེན་ལགས་དང་ངེད་གཉིས་ཀྱིས་བཟོས་པ་རེད། བོད་ནང་གི་ས་གནས་མང་པོ་ཞིག་ལ་སྐོར་བ་བརྒྱབ་སྟེ་སྐབས་དེའི་བོད་ནང་གི་གནས་སྟངས་དང་། བོད་རྒྱ་ཆེའི་མི་མང་གི་སེམས་ནང་གི་རེ་འདུན་སོགས་ལ་རྒྱུས་ལོན་བྱས་པ་རེད། གློག་བརྙན་ཁོ་རང་སྤུས་དག་མོ་དང་གྲ་རྒྱས་པོ་དེ་འདྲ་ཡོད་པ་མ་རེད་དེ། ནང་དོན་གྱི་ཆ་ནས་དངོས་ཡོད་གནས་སྟངས་ཤིག་གླེང་ཐུབ་ཡོད་པ་རེད། གློག་བརྙན་འདི་བརྒྱུད་ནས་བོད་ནང་གི་གནས་སྟངས་ངོ་མ་ཞིག་དང་། བོད་རིགས་མི་མང་གི་སེམས་ནང་གི་རེ་བ་ངོ་མ་ཞིག་འཛམ་གླིང་མི་མང་ལ་བསྟན་པ་རེད། མི་སུ་འདྲ་ཞིག་ཡིན་ཡང་གློག་བརྙན་འདི་ལ་བལྟས་པ་ཡིན་ན་འགྲེལ་བཤད་མང་པོ་མ་དགོས་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་སོགས་གསལ་བོར་མཐོང་ཐུབ་པ་ཞིག་རེད། གཉིས་པ། ཐེངས་འདིར་དོན་འགྲུབ་དབང་ཆེན་ལ་གཟེངས་རྟགས་དེ་འདྲ་ཞིག་ཕུལ་བ་དེ་རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་གནས་སྟངས་ལ་ངོས་ལེན་བྱས་ཡོད་པ་མ་ཟད། དོན་འགྲུབ་དབང་ཆེན་ལགས་ཀྱིས་རྒྱའི་བཙོན་འོག་ནས་ལོ་དྲུག་རིང་དཀའ་ལས་བརྒྱབ་པ་དེ་ལའང་གདེང་འཇོག་ཚད་མཐོན་པོ་གནང་བ་ཞིག་དང་། མི་རིགས་དང་རྒྱལ་ཁབ་ཅིག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་དཀའ་ལས་བརྒྱབ་ན་བདེན་པ་ལ་བདག་པོ་ཞིག་འདུག་ཨ་བསམ་པ་བྱུང་སོང་།
དྲི་བ། ཁྱེད་རང་སྔོན་མ་བོད་ནང་བཞུགས་སྐབས་༼འཇིགས་བྲལ།༽མ་ཡིན་པའི་ཆབ་སྲིད་ཀྱི་ཕྱག་ལས་གཞན་མང་པོ་ཞིག་གནང་ཡོད་རབས་གོ་སོང་། དེ་དག་བཤད་རྒྱུར་བདེ་བོ་ཡོད་ན་ངོ་སྤྲོད་ཅིག་གནང་རོགས།
ལན། རེད་རེད། དེ་ཞུ་མ་ཆོག་པ་མི་འདུག འཇིགས་བྲལ་གློག་བརྙན་དེ་ཐོག་མ་ ༢༠༠༧ ལོ་ནས་མགོ་བཙུགས་པ་རེད། དེའི་ལ་སྔོན་ལོ་རབས་དགུ་བཅུ་ཙམ་ནས་ཆབ་སྲིད་ལས་ཀ་ཕྲན་བུ་རེ་བྱས་པ་རེད། སྐབས་དེར་ཆབ་སྲིད་ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད། རོགས་པ་གཅིག་གཉིས་གྲོས་བྱས་ཏེ་སྦྱར་ཡིག་སྦྱར་བ་དང་ཡར་མར་ཡི་གེ་འབྲི་བ། ༧གོང་ས་མཆོག་གི་བཀའ་སློབ་རེ་རག་ན་དེ་ཡར་མར་བཀྲམས་པ་སོགས་བྱས་པ་རེད། དེ་དུས་ད་ལྟའི་འདི་འདྲའི་ཆ་རྐྱེན་ཡོད་པ་མ་རེད། བཀའ་སློབ་དེ་ཚོ་སྒྲ་ཐག་(Tape)རེད། དེ་ནས་དེབ་དང་ཡིག་ཆ་རེ་གཉིས་རག་པ་སོ་སོའི་ལག་པས་འབྲི་ཐུབ་ཀྱི་མི་འདུག བསྐྱར་དཔར་རྒྱག་དགོས་ན་བླ་བྲང་ན་ཅ་ལག་དེ་འདྲ་ཡོད་པ་མ་རེད། ལཱན་ཀྲུག་དང་ཀ་ཅི་སོགས་རྒྱ་ཁོག་ཏུ་འགྲོ་དགོས་པ་རེད། མར་སོང་ན་སྐད་མ་ཤེས་པ་དང་འགྲོ་སོང་ཆེ་བ་སོགས་ཀྱི་དཀའ་ངལ་མང་པོ་རེད།
ཉིས་སྟོང་ལོ་ཡས་མས་ནས་བཟུང་སྐབས་དེའི་བོད་གཞུང་གི་གནས་ཚུལ་དང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་མཛད་འཕྲིན་སོགས་ཀྱང་མང་པོ་གོ་ཐུབ་ཀྱི་འདུག ༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དང་། ཁོང་གི་བཀའ་སློབ་ཀྱི་གློག་བརྙན་སོགས་རག་གི་འདུག དེ་དུས་བསྐྱར་དཔར་རྒྱག་རྒྱུ་དང་ཡར་མར་བཀྲམ་རྒྱུ་སོགས་ཀྱི་མཐུན་རྐྱེན་ཇེ་བཟང་དུ་ཕྱིན་པ་རེད། ཡིན་ནའང་ཉེན་ཁ་ཆེན་པོ་ཞེ་དྲག་རེད། རྫོང་དང་ཁུལ་གྱི་སྟོན་མོ་ཆེན་པོ་དེ་འདྲའི་གོ་སྐབས་ལ་བསྟུན་ཏེ། ཆབ་སྲིད་འབོད་ཚིག་འབྲི་བ་དང་སྦྱར་ཡིག་སྦྱར་བ། ཡི་གེ་གཏོར་བ་སོགས་བྱས་པ་རེད། ཕྱི་ལོགས་ཀྱི་གསར་འགྱུར་བོད་ནང་ལ་བཀྲམས་པ་དང་། བོད་ནང་གི་གནས་ཚུལ་ཕྱི་ལོགས་སུ་མང་པོ་བཏང་བ་ཡིན། ༢༠༠༨ ལོ་ནས་རྒྱ་ནག་གཞུང་གིས་ང་རང་འཛིན་བཟུང་བཀག་འགོག་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་བ་རེད། ཡིན་ནའང་གོ་སྐབས་ག་དུས་རག་ན། རང་ལུས་མེར་བསྲེགས་སྐོར་གྱི་གནས་ཚུལ་ང་རང་ལ་གློག་ཀླད་ཅིག་ཡོད་པ་དེའི་ནང་ཇུས་འགོད་འདྲ་མི་འདྲ་བྱས་ཏེ་ཁྱབ་བསྒྲགས་བྱས་པ་ཡིན།
དྲི་བ། སྐུ་ཉིད་ཐོག་མ་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཆབ་སྲིད་ལས་དོན་ཐོག་ཞུགས་པའི་དམིགས་ཡུལ་ཟེར་ན་འདྲ། སྐབས་དེ་དུས་ཆབ་སྲིད་བསམ་བློ་ཇི་ལྟར་འཁོར་སོང་།
ལན། རྩ་བའི་ཆ་ནས་མི་རང་རང་གི་སེམས་ནང་འདས་པའི་ལོ་རྒྱུས་མང་པོ་ཞིག་གི་རྨ་ཁ་ཡོད་པ་རེད། དཔེར་ན། ང་རང་གི་སྐྱེས་ཡུལ་སྡེ་བ་ཡིན་ན་ཏོག་ཚ་སྡེ་བ་རེད། ས་ཁོངས་ཀྱི་ཆ་ནས་མདོ་སྨད་གསེར་རྟ་རེད། སྤྱིར་བཏང་མདོ་སྨད་ཙམ་མ་རེད་ཆོལ་ཁ་གསུམ་ནང་དཀའ་ངལ་གཅིག་མཚུངས་བྱུང་བ་རེད། ཏོག་ཚ་ས་ཆ་དེ་རྒྱས་མནར་གཅོད་ཧ་ལས་པ་བཏང་མྱོང་ས་ཞིག་རེད། ང་རང་བྱིས་པ་ཆུང་ཆུང་ཡིན་དུས་མིག་མཐོང་ལག་ཟིན་ཞིག་ལ། ང་ཚོའི་དགོན་པའི་མཁན་པོ་ཉག་རོང་ཚུལ་ཁྲིམས་བཟང་པོ་དང་བདེ་འབྱུང་སོགས་བླ་སྤྲུལ་དགེ་བཤེས་མང་པོ་བསད་སོང་། ང་ཚོའི་སྡེ་བ་དེ་རྒྱ་ནག་གིས་བཤད་པའི་ཞྭ་གོན་པ་(རིག་གསར་སྐབས་གྲལ་རིམ་སོགས་ཀྱི་ནག་ཉེས་ཕོག་མཁན་རིགས་ལ་ཟེར།)ཟེར་བ་དེ་མང་པོ་ཡོད་ས་ཞིག་རེད། རིག་གནས་གསར་བརྗེའི་སྐབས་སུ་ལྷ་རྟེན་མཆོད་གསུམ་གཏོར་བཤིག་དང་། སོ་སོ་ལོ་ཆེན་པོ་ཆགས་ཡོང་སྐབས་ཁོང་ཚོ་ག་རེ་བྱས་ཏེ་བསད་པའི་རྒྱུ་མཚན་དྲིས་ན། རྒྱུ་མཚན་གཞན་བཤད་རྒྱུ་མེད་པར་ཆོས་ལུགས་ཀྱི་དར་ཆ་བཟུང་ཡོད་པ་དང་ཀླད་པ་བསྒྱུར་ཐུབ་ཀྱི་མེད་པ་སོགས་ལ་བརྟེན་ཏེ་ཉེས་རྡུང་བཏང་སྟེ་དམར་གསོད་བཏང་བ་རེད་འདུག
དེ་ནས་ང་རང་ལོ་ཅུང་ཆེན་པོ་ཆགས་ཏེ་བླ་བྲང་དགོན་པའི་ནང་ཡོང་བ་རེད། བླ་བྲང་ཀྱེེ་རྡོར་གྲྭ་ཚང་གི་འདུ་ཁང་བཤས་རྭ་བྱས་པའི་ལོ་རྒྱུས་བཤད་རྒྱུ་འདུག བཤས་རྭའི་ཤ་འཁྱག་ཁང་ད་ལྟ་ད་དུང་ཡང་མཐོང་རྒྱུ་ཡོད་པ་ཞིག་རེད། ན་ནིང་གཞེས་ནིང་བར་རྒྱ་གཞུང་གིས་ཚུར་སྤྲད་ཡོད་པ་མ་རེད། སྔོན་མ་ཡིན་ལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་འདུན་པ་སུམ་སྟོང་སུམ་བརྒྱ་ཟེར་བ་དེ་འདྲ་རེད། ཆོས་འཇིག་རྟེན་གཉིས་ཐད་ནས་ཧ་ལས་པ་ཡོད་བསྡད་པ་ཞིག་རེད། རྒྱ་གུང་ཁྲན་བསླེབས་ཏེ་ཀུན་འཁྱེན་འཇམ་དབྱངས་བཞད་པའི་ཡོངས་འཛིན་སོགས་བླ་མ་གྲྭ་བ་གྲངས་ལས་འདས་པ་བསད་པའི་ལོ་རྒྱུས་འདུག འདི་གཅིག་རེད།
གཉིས་པ། རིམ་གྱིས་ཕྱི་རྒྱལ་ན་༧སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་གིས་བོད་མིའི་རང་དབང་འཐབ་རྩོད་གནང་གི་ཡོད་པ་སོགས་གོ་ཡོང་གི་འདུག དོན་ཚན་སུམ་ཅུ་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སོགས་མཐོང་ཡོང་ན། བོད་ནང་གི་བོད་མི་ཚོས་ཧ་ལམ་དེའི་ནང་གི་དོན་ཚན་གཅིག་ཀྱང་ལོངས་སུ་སྤྱོད་ཐུབ་ཀྱི་མི་འདུག རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ས་ཁོངས་བཅའ་ཁྲིམས་ཟེར་བ་སོགས་རྩ་ཁྲིམས་ཉེས་ཁྲིམས་དང་། བཅའ་ཁྲིམས་ཟེར་བ་སོགས་མང་པོ་ཞིག་གཏན་འབེབས་བྱས་ཡོད་ཀྱང་། དོན་དངོས་ཐོག་དེ་དག་ཡིག་ཐོག་གི་ཁྲིམས་ལུགས་ཙམ་ལས་ལག་ལེན་ཐོག་ཏུ་ཡོད་པ་མ་རེད། དྲང་བདེན་མ་ཡིན་པའི་རྡུང་རྡེག་དང་མནར་གཅོད་མང་པོ་ཞིག་གཏོང་གི་ཡོད་པ་མཐོང་ཡོང་དུས། སོ་སོ་ལོ་ཆུང་ཆུང་ཡིན་སྟབས་ཆབ་སྲིད་ཞེ་དྲག་མགོ་འཚོས་ཀྱི་མེད་ཀྱང་། གང་ལྟར་སེམས་ནང་ན་སྡུག་ཅིག་ཡོད་པ་དེས་དབང་གིས་ལོ་རབས་དགུ་བཅུ་ཙམ་ནས་ཆབ་སྲིད་ལས་ཀ་མགོ་བརྩམས་པ་རེད།
དྲི་བ། ཁྱེད་རང་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ནས་ལོ་ཕྱེད་ཙམ་འགྲོ་བཞིན་ཡོད་པ་རེད། ད་ལྟ་ཚོར་བ་ཟེར་ན་འདྲ། བཙན་བྱོལ་བོད་མི་ཚོར་ལྟ་སྟངས་དང་སེམས་ཚོར་གང་འདྲ་ཡོང་གི་འདུག
ལན། ང་ད་ལྟ་རྒྱ་གར་ནང་བསླེབས་ཏེ་ཞེ་དྲག་འགྲོ་ཡོད་པ་མ་རེད། ཡིན་ནའང་གནས་ཚུལ་གང་ལ་གང་འཚམ་ཞིག་རྟོགས་ཐུབ་ཀྱི་འདུག སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་སོགས་ལའང་མཇལ་བ་ཡིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ཏེ་གཞུང་དམངས་གཉིས་ཀ་དཔེ་མི་སྲིད་པའི་ཚགས་ཚུད་པོ་དང་ཡག་པོ་ཞེ་དྲག་ཆགས་འདུག དེ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་སུ་ལས་ཀ་བྱེད་མཁན་དེ་ཚོ་སེམས་ཤུགས་ཆེན་པོ། དེང་དུས་ཀྱི་ཤེས་ཡོན་དང་བོད་དོན་དྲིལ་བསྒྲགས་བྱེད་སྟངས་ཧ་ལས་པ་རེད། ཡིན་ནའང་བཙན་བྱོལ་ནང་དུ་བོད་རང་གི་སྐད་ཡིག་ཐོག་ཉམས་ཆག་ཏོག་ཙམ་སོང་འདུག་དྲན་སོང་། གཞིས་ཆགས་ཁག་ཀྱང་དེ་འདྲ་ཡིན་ས་རེད།
ང་རང་གསར་འབྱོར་བ་ཞིག་ཡིན་པའི་ཆ་ནས་སྐད་ཆ་འདི་བཤད་ན་འགྲིག་འདུག་མི་ཤེས་ཏེ། ང་རང་སྔོན་མ་ཡུལ་ན་ཡོད་དུས་སྐད་ཡིག་ཐོག་ལས་ཀ་གང་ལ་གང་འཚམ་བྱས་མྱོང་མཁན་ཞིག་ཡིན་སྟབས། བཙན་བྱོལ་བོད་མི་ཚོའི་སྐད་ཡིག་ཐོག་དོ་སྣང་བྱུང་སོང་། ང་སྔོན་ལ་བླ་བྲང་ན་ཡོད་དུས་གྲོགས་པོ་ཁ་ཤས་མཉམ་འབྲེལ་བྱས་ཏེ་སྐད་ཡིག་ཚོགས་པ་ཞིག་བཙུགས་ཏེ་ལས་ཀ་མང་པོ་བྱས་པ་ཡིན། ནུས་པ་ཡག་པོ་ཐོན་སོང་བསམ་ཡོད། ཚོགས་པ་དེའི་མིང་བཤད་དགོས་པ་མི་འདུག བོད་ནང་སྐད་ཡིག་སྲུང་སྐྱོབ་ཀྱང་ནག་ཉེས་ལ་རྩི་བཞིན་ཡོད་པ་རེད། ཧ་ལམ་མེ་མདའ་དང་སྨྱུ་གུ་མང་ཉུང་མེད་པ་དང་། མེ་མདའ་དང་སྨྱུ་གུའི་སྙིང་སྟོབས་བསྡུར་དགོས་པ་ལྟ་བུ་ཆགས་ཡོད།
བཙན་བྱོལ་ནང་ལ་མཚོན་ན་ཁོར་ཡུག་གི་ཆ་ནས་ཐུགས་ཁག་མེད་ཀྱང་རང་དབང་གང་འཚམ་ཡོད་པ་རེད། སྤྱིར་བཏང་ངས་དབུས་སྐད་ཕར་བཤད་དགོས་ན་ཏག་ཏག་ཅིག་ཡོང་དཀའ་བ་མ་གཏོགས་ཚུར་བརྒྱ་ཆའི་ ༡༠༠ གོ་ཐུབ་ཀྱི་ཡོད། ཡིན་ནའང་བཙན་བྱོལ་ནང་ནས་འཚར་ལོངས་བྱུང་མཁན་ཞིག་དང་ཁ་བརྡ་བྱས་ན་ཧ་ལམ་བརྒྱ་ཆ་ ༤༠ ལྷག་གོ་ཐུབ་ཀྱི་མི་འདུག རྩ་བའི་ཆ་ནས་རྒྱ་གར་གཞུང་གི་བཀའ་དྲིན་ལ་བོད་པའི་སློབ་གྲྭ་བཙུགས་ཡོད་པ་སོགས་བསྔགས་བརྗོད་ཞུ་དགོས་པ་ཞིག་རེད། ཡིན་ནའང་བོད་རང་གི་སྐད་ཡིག་ཐོག་ཉམས་ཆག་དགའ་རབ་ཕྱིན་འདུག ང་ཚོས་རྒྱ་མིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་གཏོང་གི་འདུག་ཟེར་གྱིན་ཡོད་པ་རེད། དོན་དག་ལ་བསམ་བློ་བཏང་ཡོང་ན། རྒྱ་སྐད་ཀྱིས་བོད་སྐད་བསད་ན་བསད་པ་རེད། དབྱིན་སྐད་དང་ཧིན་རྡུའི་སྐད་ཀྱིས་བོད་སྐད་བསད་ནའང་བསད་པ་རེད། གསེར་གྱི་གྲིས་སྐེ་བཅད་ན་ཡག་པོ་དང་། ལྕགས་ཀྱི་གྲིས་སྐེ་བཅད་ན་སྡུག་ཅག་ཟེར་རྒྱུ་ཡོད་པ་མ་རེད།
དྲི་བ། གོ་ཐོས་ལྟར་ན་ད་ལོ་ཁྱེད་རང་རྒྱ་གཞུང་གི་བཙོན་འོག་ནས་བྲོས་ཏེ་རྒྱ་གར་ནང་ཡོང་སྐབས་འགྲོ་སོང་ཕོན་ཆེན་པོ་ཞིག་བཏང་སྟེ། མི་གཞན་གྱི་རོགས་རམ་ལ་བརྟེན་ཏེ་བྲོས་ཐར་བྱུང་བ་ཞིག་གོ་སོང་། དེའི་སྐོར་སྟབས་བདེ་བོ་ཡོད་ན་ཕྲན་ཙམ་གསུངས་རོགས།
ལན། དེ་བདེན་པ་རེད། ང་རང་ལམ་ཁ་གང་ནས་ཡོང་བའི་སྐོར་སྔོན་མ་ཞུས་ཚར་ཡོད་བསམ་སོང་མང་པོ་བཤད་མི་དགོས་པ་བྱོས། ལམ་ཁའི་འགྲོ་གྲོན་ཕོན་ཆེན་པོ་བཏང་ཡོད་པ་རེད། དེ་འདྲ་ཞིག་མ་བཏང་ན་ང་ཐར་ཐབས་ཡོད་པ་མ་རེད། སྐབས་དེར་ང་རྒྱ་ནག་གི་བཙོན་ཁང་ནས་བྲོས་པའི་རྗེས་ལ། རྒྱ་ནག་གཞུང་གིས་གང་ས་གང་ལ་ཁྱབ་བསྒྲགས་དང་བརྡ་སྦྱོར་བཀྲམས་ཏེ། མགོ་ལོག་འཇིགས་མེད་རྩིས་སྤྲོད་བྱེད་མཁན་ལ་རྒྱ་སྒོར་ཁྲི་ ༢༠ ཙམ་སྤྲོད་རྒྱུ་ཡིན་ལབ་པ་རེད། རྒྱ་གཞུང་གིས་མི་ཤུགས་རྒྱུ་ཤུགས་གཉིས་ཀའི་སྟོབས་ཤུགས་མངོན་ནས་ང་འཛིན་ཐབས་བྱས་པ་རེད། ཁ་གསལ་བོར་བཤད་ན། ང་རང་གིས་རྒྱ་སྒོར་ཁྲི་ ༡༥ ཙམ་སྤྲད་ནས་རྒྱ་གར་ལ་ཐར་ཐུབ་པ་བྱུང་སོང་། དེ་འདྲ་ཡིན་དུས་ད་ལྟ་ང་རང་བུ་ལོན་ནང་ལྷུང་བསྡད་ཡོད། ཡིན་ནའང་འགྲིག་འགྲོ་བ་རེད་བསམ་གྱི་འདུག རྒྱའི་བཙོན་འོག་ཏུ་ཚུད་ཡོད་ན་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་ཡོད་པ་མ་རེད།
དྲི་བ། ཁྱེད་ལ་མ་འོངས་པའི་དམིགས་ཡུལ་གང་འདྲ་ཡིན་པ་དང་། བོད་པའི་རྩ་དོན་ཆབ་སྲིད་ཐོག་མུ་མཐུད་ཕྱག་ལས་གནང་འཆར་ཡོད་དམ།
ལན། བོད་ནང་ལ་མཚོན་ན་རྒྱ་ནག་དམར་ཤོག་གི་ལས་ཀ་བྱེད་སྟངས་གང་འཚམ་ཤེས་ཀྱི་ཡོད་པ་རེད། རང་ཉིད་ལ་ལས་ཀ་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཟེར་ན་ཆོག་གི་རེད། ས་ཆ་འདིར་སླེབ་དུས་ཁོར་ཡུག་དང་སྐད་ཡིག་གང་ཐད་ནས་ཧ་ཅང་དཀའ་ལས་འདུག ཡིན་ནའང་བོད་དོན་ཐོག་ལས་ཀ་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡིན། མ་འོངས་པར་ཡང་རང་ཉིད་ཀྱི་མགོ་བོ་ས་ལ་མ་བཞག་བར་བོད་བསྟན་སྲིད་ཆེད་ཟེར་ན་ཁ་ཕོ་ཆེན་པོ་ཡིན་ན་ཡང་། མུ་མཐུད་དུ་ལས་ཀ་གང་ཐུབ་ཅི་ཐུབ་བྱེད་དགོས་བསམ་པའི་དམ་བཅའ་བརྟན་པོ་ཡིན། སྔོན་ཆད་དོན་འགྲུབ་དབང་ཆེན་ངེད་གཉིས་གློག་བརྙན་དེའི་སྐོར་ལ་ལས་བྱེད་སྐབས་ཀྱང་། འུ་གཉིས་ཀྱི་ལས་ཀ་འདི་དཔལ་འབྱོར་དང་སྙན་གྲགས་ཀྱི་ཆེད་དུ་མིན། བོད་སྤྱི་བའི་ལས་དོན་དེ་བོད་པ་མི་རེ་ངོ་རེའི་ཕྲག་ཏུ་བབ་ཡོད་པ་རེད། འུ་གཉིས་སོ་སོའི་ལས་འགན་དེ་སྒྲུབ་ཀྱིན་ཡོད་པ་རེད། ཅེས་ངེད་གཉིས་ནང་ཁུལ་ནས་དེ་འདྲ་བཤད་རྒྱུ་བྱུང་། ང་ད་ལྟ་རྒྱ་གར་ལུང་པའི་ནང་བསླེབས་ནའང་སྐད་ཆ་དེ་ཡིན། ངའི་ལས་ཀ་འདི་དཔལ་འབྱོར་དང་སྙན་གྲགས་ལ་མི་བརྗེ། ངེད་གཉིས་གློག་བརྙན་ཞིག་བཟོས་པ་དེ་ཆེན་པོ་ཞིག་རེད་བསམ་གྱི་མེད། ང་རང་གིས་མ་འཇོན་པར་བཙན་བྱོལ་དུ་འབྲོ་དགོས་ཐུག་པ་དེ་འགྲིག་ཡོད་པ་མ་རེད། ད་ལྟ་བསམ་བློ་བཏང་ན། བོད་ནང་དུ་ད་དུང་ང་རང་གིས་བྱེད་དགོས་པ་དང་། བྱེད་ཐུབ་པ་མང་པོ་ཞིག་འདུག་པ་དེ་དག་བྱེད་མ་ཐུབ་པར་འགྱོད་པ་སྐྱེ་བཞིན་འདུག ང་རང་གིས་བོད་ནང་ནས་རྐང་ཟིན་ཐུབ་ན་བསམ་ནས་འབད་བརྩོན་མང་པོ་བྱས་པ་ཡིན། ༢༠༡༡ ལོར་རྒྱ་གར་ལ་ཡོང་ནས་ཕྱིར་བོད་ནང་ལོག་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།
དྲི་བ། ཁྱེད་རང་ལ་བོད་ནང་བཞུགས་པའི་ཁྱེད་རང་གི་ཕྱག་རོགས་ཚོར་སྐད་ཆ་བཤད་འདོད་པ་དེ་འདྲ་ཡོད་དམ།
ལན། གཙོ་བོ་གཞིས་བཞུགས་རྒྱ་ཆེ་མི་མང་རེད། དམིགས་བསལ་ང་རང་གི་ལས་རོགས་དང་། སོ་སོའི་དགེ་འདུན་པའི་སྡེ་རེད། ང་ཚོས་ག་དུས་ཡིན་ནའང་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད། མི་རིགས་ཤིག་གི་རྩ་དོན་བསྒྲུབ་དགོས་ན་མཐུན་སྒྲིལ་ཨང་དང་པོ་རེད། མཛུབ་མོ་ལྔ་ཆར་ཁུ་ཚུར་ཐོག་ནས་འཐབ་རྩོད་བྱེད་དགོས་པ་རེད། ཆོལ་ཁའི་ཕྱོགས་རིས་འཐེན་འཁྱེར་དེ་མི་དགོས་པ་ཞིག་རེད། ང་ཚོས་རྩོད་དགོས་ས་དེ་རྒྱ་ནག་དམར་པོའི་གཞུང་རེད། བཙན་བྱོལ་ནང་ལ་མཚོན་ན་རང་གི་ཁེ་ཕན་ཁོ་ན་ཙམ་གྱི་ཆེད་དུ་ཆོལ་ཁ་ཆོས་ལུགས་ཀྱི་སྐྱུག་བྲོ་བའི་གནས་ཚུལ་རེ་ཟུང་གོ་རྒྱུ་འདུག བོད་ནང་ནས་འདི་རིགས་ལ་སྐབས་འཚོལ་བ་ཟེར་བ་རེད། མང་ཚོགས་ཀྱིས་ཀྱང་ཤེས་དགོས་པ་རེད། ཆོལ་ཁ་དང་ཆོས་ལུགས་རྩོད་མཁན་དེ་ཚོས་ཁོ་རང་ཚོའི་ཁེ་ཕན་ཞིག་སྒྲུབ་ཀྱི་ཡོད་པ་རེད་མ་གཏོགས། དེས་ཆོལ་ཁ་ཆོས་བརྒྱུད་ལ་ཕན་ཐོགས་ཏིལ་འབྲུ་ཙམ་ཡང་བྱེད་ཀྱི་ཡོད་པ་མ་རེད། འདིས་བོད་སྤྱི་བའི་ཆིག་སྒྲིལ་ནུས་པ་མར་གཅོག་གི་ཡོད་པ་མ་ཟད། ཆོས་ལུགས་ཆོལ་ཁ་དེ་ལའང་ལྟ་སྟངས་ངན་པ་བཟོ་བཞིན་ཡོད་པ་རེད། བོད་རིགས་ཚང་མས་སྐྱིད་ཅིག་ཡོད་ན་མཉམ་རྒྱག་དང་སྡུག་ཅིག་ཡོད་ན་མཉམ་འཁུར་བྱེད་དགོས་པ་རེད། དེ་མ་གཏོགས་ཞུ་རྒྱུ་མེད། མཐའ་མ་དེ་ལ་བོད་ནང་དུ་བཞུགས་པའི་ང་རང་གི་ངོ་ཤེས་གྲོགས་པོ་དང་ནང་མི་སྤུན་མཆེད་ཚོར་ངའི་ཕྱོགས་ལ་སེམས་འཁྲལ་གང་ཡང་མེད། ང་སྐྱིད་པོ་བདེ་མོ་ཡིན་ཟེར་རྒྱུ་དེ་ཡིན།
ཟུར་མཆན། མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་དང་དོན་འགྲུབ་དབང་ཆེན་ལགས་རྣམ་གཉིས་ཀྱིས་ ༢༠༠༨ ལོའི་པེ་ཅིན་ཨོ་ལིམ་ཕིག་གི་རྩེད་འགྲན་དང་བསྟུན། བོད་ནང་གི་ས་གནས་མང་པོར་སྐོར་སྐྱོད་གནང་སྟེ་རོང་འབྲོག་མང་ཚོགས་ལ་བཅར་འདྲི་ཞུས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་༼འཇིགས་བྲལ།༽ཞེས་པའི་གློག་བརྙན་བཟོས་ཏེ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གནང་ཡོད་ཅིང་། ༢༠༠༨ ཟླ་ ༣ ཚེས་ ༢༣ ཉིན་རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་འཇིགས་མེད་ལགས་འཛིན་བཟུང་གིས་ཟླ་ ༦ དང་ཉིན་ ༢༦ རིང་བཀག་བསྐྱིལ་དང་། ༢༠༠༩ ལོའི་བོད་ཟླ་ ༢ ཚེས་ ༡༦ ཉིན་འཛིན་བཟུང་ཐེངས་གཉིས་བྱས་ཏེ་ཟླ་ ༣ དང་ཉིན་ ༡༥ རིང་བཀག་བསྐྱིལ་གྱིས་རྡུང་རྡེག་མནར་གཅོད་བཏང་ཡོད། ༢༠༡༢ ལོའི་ཟླ་ ༩ ཚེས་ ༢༢ ཉིན་ཐེངས་གསུམ་པར་འཛིན་བཟུང་བྱས་མཐར་ཟླ་དེའི་ཚེས་ ༣༠ ཉིན་གྱི་དགོང་མོ་བསང་ཆུ་རྫོང་བང་དཀར་ཐང་ལྟ་སྲུང་ཁང་ནས་བྲོས་བྱོལ་གྱིས་ལོ་གཅིག་དང་ཟླ་བརྒྱད་རིང་བོད་ནང་གི་རི་ཆུ་ནགས་གསུམ་དང་འབྲོག་ཐང་གྲོང་གསེབ་སོགས་སུ་ཉེན་གཡོལ་བྲོས་བྱོལ་བྱས་མཐར། ༢༠༡༤ ལོའི་ཟླ་ ༥ ཚེས་ ༡༨ ཉིན་རྒྱ་གར་དྷ་རམ་ས་རམ་ལར་བཙན་བྱོལ་དུ་འབྱོར་ཡོད།
དོན་འགྲུབ་དབང་ཆེན་ལགས་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་གཞུང་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་འཛིན་བཟུང་བྱས་ཏེ་ལོ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༦ ཚེས་ ༥ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་མཚོ་སྔོན་བ་ཡན་རྫོང་ཁོ་ཚེ་སྡེ་བའི་རང་ཁྱིམ་དུ་འབྱོར་ཡོད་ཀྱང་། ཁོང་གི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་སོགས་རྒྱ་གར་དང་ཨ་རི་སོགས་སུ་སྐྱབས་བཅོལ་དུ་བསྡད་ཡོད།
གསར་འགོད་པ། ལྷ་སྐྱབས་རྒྱལ།
ཁྱེད་རྣམ་པ་གཉིས་ཀྱི་སྙིང་སྟོབས་དང་བློ་གྲོས་ལ་སྙིང་ཐག་པ་ནས་རྗེས་སུ་ཡིད་རེངས་དང་བསྔགས་བརྗོད་ཞུ་བཞིན་ཡོད། ཁྱེད་དང་ཁྱེད་ཚོ་ལྟར་བོད་པ་ཚང་མས་སོ་སོའི་འགན་འཁྲི་དེ་ཕྲག་སྟེང་དུ་བླངས་ཏེ། སྒེར་དོན་ཡལ་བར་ཏོར་ནས་སྤྱི་དོན་འགན་དུ་བླངས་ཡོད་ན། བོད་པའི་གནས་སྟངས་འདི་ཁ་སང་དེ་རིང་གི་ཚད་འདིའི་འོག་མུ་མཐུད་དུ་ལྷག་ནས་ཇེ་སྡུག་ཇེ་ཞན་དུ་འགྲོ་ཡོད་པ་མ་རེད། ཕར་བལྟས་ཡོང་དུས་དེང་སྐབས་སྤྱི་དོན་ཡིན་ཟེར་ནས་ལས་ཀ་བྱེད་མཁན་དང་ལས་འགུལ་སྤེལ་མཁན། གཏམ་བཤད་འདྲ་མི་འདྲ་བྱེད་མཁན་ཚོ་ཡང་མཐར་གཏུག་ནས་ཡོང་ན་སྒེར་དོན་ཞིག་སྒྲུབ་བཞིན་འདུག ལྷག་བསམ་རྣམ་དག་གིས་ཁྱེད་རྣམ་པ་གཉིས་དང་འདྲ་བར་སྒེར་དོན་དང་མཐའ་ན་ཚེ་སྲོག་ཀྱང་བློས་བཏང་སྟེ་བོད་སྤྱི་བའི་ལས་དོན་སྒྲུབ་མཁན་དཀོན་པོ་རེད། འཇིགས་མེད་རྒྱ་མཚོ་ལགས་སུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་རང་གིས་གསུང་པ་ཚང་མ་ཧ་ཅང་དོན་ལ་གནས་པ་ཁ་ཡོད་ལག་ཡོད་སེམས་འགུལ་ཐེབས་པ་ཞིག་རེད། ཐུགས་རྗེ་ཆེ་ཞུ་བཞིན་ཡོད།།
ང་ལ་འབོད་སྐུལ་གཉིས་ཞུ་ཡག་ཡོད། གཅིག་མགོ་ལོག་འཇུགས་མེད་ལ་བུ་ལོན་མང་པོ་ཞིག་ཡོད་པ་ཁོང་རང་གིས་གསུངས་པ་དེ་རེད། ཕྱི་ཕྱོགས་ན་ཡོད་པའི་བོད་པ་ཚོས་ཁོང་ལ་རོགས་མགོན་ཞིག་གནང་རྒྱུ་མཁྱེན། ཁོ་རང་གི་བུ་ལོན་ཙམ་མ་རེད་གྲྭ་བ་གྲྭ་རྐྱང་ཞིག་རྒྱ་གར་ནང་ནས་སྤྱི་ཚོགས་ནང་ཆབ་སྲིད་ཐོག་ལས་ཀ་བྱས་སྡོད་དགོས་ན་འཚོ་བའི་ཐད་ལའང་བསམ་བློ་ཞིག་གཏོང་དགོས་པ་རེད།
འབོད་སྐུལ་གཉིས་པ་དེ་རྒྱལ་སྤྱིའི་ཐོག་གི་རང་དབང་གི་ཚོགས་སྡེ་ཚོས་གོང་གི་གློག་བརྙན་ནང་དོན་འགྲུབ་དབང་ཆེན་གྱི་སྐྱེས་དམན་ལྷ་མོ་མཚོ་ལགས་ཀྱིས་འབོད་སྐུལ་གཉིས་པ་ནང་ལྟར་རེད། དོན་འགྲུབ་དབང་ཆེན་ཁོང་ཕྱི་རྒྱལ་རང་དབང་ལུང་པ་ཞིག་ལ་འཐེན་ཐུབ་དང་སྨན་བཅོས་འཕྲོད་བསྟེན་གྱི་མིང་ཐོག་ནས་ནང་མི་ཟླ་བསྒྲིལ་ཡོང་ཐབས་ལ་རྒྱབ་སྐྱོར་རོགས་མགོན་ཡོང་བ་མཁྱེན་མཁྱེན་མཁྱེན་་་་
ཧེ་བེལ་གཟེངས་རྟགས་བྱ་དགའི་མཛད་སྒོ་སྟེང་དུ། མགོ་ལོག་འཇིགས་མེད་ལགས་ཀྱི་མིང་གླེང་ཡོད་དམ། སྐྱིད་སྡུག་མཉམ་མྱོང་བྱས་འདུག་གམ།
ངས་བསམ་ན། བྱ་དགའ་དེ་ཁོ་རྣམ་པ་གཉིས་གའི་མིང་ཐོག་ནས་སྤྲད་ན་ཤིན་ཏུ་འོས།
རྣམ་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ། བོད་ནང་གི་ཆབ་སྲིད་ཕྱག་ལས་གནང་མཁན་འདི་ཚོ་བློ་དཀར་གཞུང་དྲང་། ཁ་ཞེ་གཉིས་མེད་རེད། ཁོང་རྣམ་པའི་གསུང་བཤད་ལ་ཉན་པ་རེ་བ་ཞིག་དང་སེམས་ནང་ངར་ཞིག་སླེབས་ཡོང་གི་འདུག དེ་མ་གཏོགས་དྷ་རམ་ས་ལའི་ཆབ་སྲིད་པ་ཐབ་ཆག་དེ་དག་གི་བཤད་པ་དང་སྤྱོད་པ་དེ་དག་གིས་ཐང་ཆད་འཇུག་གི་འདུག རྦད་དེ་སེམས་ཤུགས་ཆག་ནས་བོད་དོན་ལ་ལས་ཀའང་བྱེད་འདོད་མེད་པ་ཞིག་བཟོ་ཡོང་གི་འདུག
མགོ་ལོག་འཇིགས་མེད་རྒྱ་མཚོ་ལགས་དང་དོན་འགྲུབ་དབང་ཆེན་རྣམ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ།