རང་བཙན་ལ་འོས་ཇི་ཙམ་མང་ན་དབུ་མའི་ལམ་གྱི་ནུས་པར་ཕན།

ཚེ་དབང་ནོར་བུ།

ང་རང་གི་གཞི་རྩའི་ལངས་ཕྱོགས་དེ་སྤྱི་ཚོགས་ནང་བྱེད་སྒོ་ག་རེད་བྱེད་ཀྱང་ཕྱི་གསལ་ནང་གསལ་བྱ་རྒྱུ་ཡིན་པ་ལྟར་འདི་ལོ་  ༢༠༡༥  ཟླ་༡༠ ཚེས་༡༨་ཉིན་སྔོན་འགྲོའི་འོས་བསྡུའི་སྐབས་ང་རང་གི་སྲིད་སྐྱོང་ས་དམིགས་ཀྱི་འོས་ཤོག་དེ་ཨ་ཚོགས་ཀླུ་མཁར་བྱམས་ལ་འཕེན་གྱི་ཡིན་ཞེས་དང་པོ་ནས་གསལ་པོ་བཤད་ཀྱི་ཡིན།

 

ངས་ཀླུ་མཁར་བྱམས་ནི་ལོ་ཤས་གོང་ནས་ངོ་ཤེས་ཀྱི་ཡོད་པས།  ང་རང་རྒྱ་གར་ལ་ནམ་འགྲོ་སྐབས་ཁོང་ཐུག་ཡག་དང་ཁོང་མཉམ་དུ་སྐད་ཆ་ཤོད་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད།  ཁོང་ཐུག་འཕྲད་དང་ཁོང་མཉམ་དུ་སྐད་ཆ་བཤད་རྒྱུ་ཇི་ཙམ་བྱུང་བར་དེ་ཙམ་ཁོང་གི་བློ་གྲོས་ཀྱི་ནུས་མཐུ་གཏིང་ཟབ་པ་དང་། ཆབ་སྲིད་དང་སྤྱི་ཚོགས་ཀྱི་གོ་རྟོགས། གལ་ཆེན་ཞིག་ལ་ཁོང་དྲང་ཚུགས་ཅན་གྱི་མི་ཞིག་ཡིན་པར་ཤེས་ནས་ཁོང་ང་རང་གི་སེམས་ལ་འཇུག་ནས་འཇུག་ཏུ་ཕྱིན་སོང་།

 

དེའི་སྟེང་རང་བཙན་སོགས་རྩ་འཛིན་དང་བོད་སྐད་ནང་དབུས་བོད་མིའི་སྒྲིག་འཛུགས་བྱ་བ་དེ་བཙན་བྱོལ་བོད་གཞུང་ཞེས་པར་ཕྱིར་བསྒྱུར་བྱེད་རྒྱུར་ང་རང་གཉིས་ཀས་གཙིགས་ཆེར་བརྩི་བ་གཅིག་མཚུངས་རེད། དེ་འདྲ་སོང་ཙང་༼Tibetan Bulletin, འདོན་ཐེངས་༡༩ ཕྱི་ལོ་༢༠༡༥ ཟླ་༥  དང་༦ ཤོག་གྲངས་༡༧་ནང་ཧི་མ་ཅལ་མངའ་སྡེའི་བློན་ཆེན་མཆོག་གིས༽”༧གོང་ས་མཆོག་དང་ཁོང་གི་བཙན་བྱོལ་གཞུང་༼ཡིག་གཟུགས་ཟུར་འདོན་དེ་ཚེ་དབང་ནོར་བུས་བཟོས༽གཉིས་ང་རང་གི་མངའ་སྡེ་ཧི་མ་ཅལ་གྱི་རྡ་རམ་ས་ལར་ཡོད་པར་ང་ཚོ་སྤྲོ་བ་ཤིན་ཏུ་ཆེ” ཞེས་ཀློག་རྒྱུ་བྱུང་བར་བདེ་ཚོར་ཆེན་པོ་ཐོབ་སོང་།

 

འདས་པའི་གཟའ་འཁོར་གཉིས་ཙམ་ནང་ངས་ཡུ་རོབ་ནང་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་བོད་མི་དྲག་ཅན་མང་པོ་དངོས་ཐུག་གམ།   ཁ་པར་ཐོག་འབྲེལ་ལམ་བྱས་པས།  ཁོང་ཚོ་མང་པོ་ཞིག་གིས་སྲིད་སྤྱིའི་འོས་བསྡུའི་ལས་འགུལ་སྤེལ་བཞིན་པ་དེར་ཐུགས་སྣང་ཆེན་པོ་གནང་བཞིན་པ་རེད།  ཁོང་རྣམ་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་བློ་གྲོས་ཀྱི་ནུས་མཐུ་ཟབ་ཅིང་ཁ་གསལ་བ་།  ཁོང་གིས་གསལ་བཤད་གནང་པའི་དོན་མཚན་དེ་ཚོ་སེམས་ལ་ཧ་ཅང་འཇུག་པོ་བྱུང་པ་དང་།  ང་རང་རང་བཙན་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་པ་ཁོང་རྣམ་པས་མཁྱེན་གྱི་ཡོད་སྟབས་།  ཁོང་ཚོ་འགའ་ཤས་ཀྱིས་ངས་ཀླུ་མཁར་བྱམས་ལ་ཡོངས་གྲགས་ཐོག་རྒྱབ་སྐྱོར་བྱེད་ན་ཡག་པོ་ཡོད་རེད་ཅེས་སྐུལ་མ་ཡང་གཏོང་མཁན་བྱུང་།   དེ་གང་ལགས་ཞུས་ན་ད་བར་སྲིད་སྐྱོང་འོས་མིའི་ཁོངས་ནས་ཀླུ་མཁར་བྱམས་ཀྱི་དོན་མཚན་དང་དགག་སྒྲུབ་འབྲེལ་བརྗོད་དེ་ཚོ་སེམས་འཇུག་ཆེ་ཤོས་བྱུང་འདུག།

 

དེ་འདྲའི་དགོངས་ཚུལ་བཟང་པོ་གནང་དུས་ཀླུ་མཁར་བྱམས་སོགས་སྒྲིག་འཛུགས་ཀྱི་ཁྱབ་བསྒྲགས་ཀྱི་ཆ་རྐྱེན་འདྲ་མཉམ་མི་ཐོབ་པའི་འོས་མིར་རྒྱབ་སྐྱོར་བྱེད་རྒྱུ་དེ་གལ་ཆེན་མཐོང་སོང་། ང་ཚོ་ཚང་མས་མཁྱེན་གསལ་ལྟར་ལས་སྲིད་སྐྱོང་དང།་བཀའ་བློན། སྤྱི་འཐུས་ལས་ཐོག་པ་ཡིན་པའི་ཆ་ནས་ཁོང་རྣམས་ལ་སྒྲིག་འཛུགས་ཀྱི་ཁྱབ་བསྒྲགས་ཆ་རྐྱེན་ནམ།  སྒྲིག་འཛུགས་ཀྱི་གླེང་སྟེགས་གཞན་པ་ཐོབ་སླ་བ་ཡོད་རེད།  དེ་འདྲའི་གནས་ཚུལ་ཡོད་བཞིན་པའི་འོག་ལ ༼ཀ༽དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ཅན་གསལ་བསྒྲགས་གནང་བ་དང་། ༼ཁ༽ ༢༠༡༦ལོའི་དུས་འཁོར་དབང་ཆེན་ཕར་འགྱངས་བྱུང་བས་འོས་མི་ནང་ཁུལ་གོ་སྐབས་ཕྲན་བུ་འདྲ་མཉམ་གྱི་ཆ་རྐྱེན་དུ་འགྱུར་བའི་རེ་བ་བརྟེན་གནས་ཚུལ་དེ་གཉིས་ལ་ངས་དགའ་བསུ་ཞུ་གི་ཡོད།

 

ད་རེས་སྲིད་སྤྱིའི་འོས་བསྡུ་འདི་གནད་འགག་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད། གཞིས་བྱེས་བོད་མི་ཚོས་གསལ་པོ་མཁྱེན་རྟོགས་ཡོད་པར། ད་ཡོད་བོད་ནང་དྲག་གནོན་ཅན་གྱི་གནས་བབས་དེ་ངེས་པར་དུ་འགྱུར་བ་འགྲོ་དགོས། བོད་མི་མང་ཆེ་བས་དབུ་མའི་ལམ་གྱི་ཐོག་རྒྱ་ནག་གི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་ཐབས་བྱེད་ཀྱི་ཡོད། དབུ་མའི་ལངས་ཕྱོགས་པ་ཚོས་སྲིད་འཛིན་ཤི་ཅིན་པིང་གི་དབུ་འཁྲིད་འོག་བར་ལམ་མཚམས་ཆད་པའི་བོད་རྒྱ་གྲོས་མོལ་དེ་བསྐྱར་གསོ་དང་།  བོད་ལ་འཛིན་པའི་མཁྲེགས་སྲིད་དེ་བསྐྱར་བཅོས་ཡོང་བའི་རེ་བ་ཆེན་པོ་བཅངས་ཀྱང་། དེང་སང་བོད་ནང་གནས་བབས་དེ་ཤི་ཅིན་པིང་སྲིད་འཛིན་གྱི་གོ་གནས་མ་བཞེས་གོང་ལས་སྡུག་པ་ཆགས་ཡོད།

 

ཉེ་ཆར་ཁོང་གིས་གྲོས་མོལ་ཡོང་རྒྱུའི་རེ་བ་དེ་རྩ་གཏོར་བཏང་པར་གཞིགས་ན། རྒྱ་ནག་གི་ངོས་ནས་བོད་མིས་དང་བླངས་ཀྱི་སྒོ་ནས་མགོ་བཏགས་གཙང་མ་ཞུས་པ་མ་གཏོགས་གཞན་པ་གང་ཡང་སྤྲོད་རྩིས་མེད་པ་དེ་གསལ་པོ་བཏོན་གྱི་ཡོད་རེད། དགོས་འདུན་ཅི་ཞིག་མཐའ་མ་ཁས་ལེན་བྱེད་པའི་གྲུབ་འབྲས་དེ་ལས་མཐོ་བ་བཞག་དགོས་རེད་ཅེས་རྟག་པར་ངས་བཤད་ཀྱི་ཡོད།  དབུ་མའི་ལངས་ཕྱོགས་འཛིན་མཁན་ཚོས་རྒྱ་གཞུང་དེ་དོ་གལ་ཆེན་པོའི་གྲོས་མོལ་ལ་ཞུགས་བཅུག་འདོད་ཡོད་ན་ཐབས་ལམ་གྱི་ཆ་ནས་རང་ཐག་རང་གཅོད་དང་། དམིགས་ཡུལ་གྱི་ཆ་ནས་རང་བཙན་ལངས་ཕྱོགས་ཤོག་ཁག་ཤུགས་ཆེ་ཞིག་ངེས་པར་དགོས་རེད།  བོད་མི་ག་ཚོད་མང་བས་འོས་བསྡུའི་སྐབས་རང་བཙན་ལངས་ཕྱོགས་ཅན་གྱི་འོས་མིར་འོས་ཤོག་འཕེན་པ་ཡིན་ན།  དེ་ཙམ་གྱིས་དབུ་མའི་ལངས་ཕྱོགས་འཛིན་མཁན་ཚོས་པེ་ཅིང་གྲོས་མོལ་ནང་ཞུགས་བཅུག་རྒྱུར་ཕན་རླབས་ཡོད་རེད།  ཐག་གཅོད་དེ་ང་རང་ཚོའི་ལག་ཐོག་ལ་ཡོད་པས་བོད་མི་ཚོས་འོས་བསྡུའི་ཐོབ་ཐང་དེ་ད་རེས་བེད་སྤྱོད་ཡག་པོ་གཏང་བའི་རེ་བ་ཡོད།

 

དེར་བརྟེན་ཁྱེད་རང་གི་སྲིད་སྐྱོང་འོས་ཤོག་དེ་ཨ་ཚོགས་ཀླུ་མཁར་བྱམས་དང་། རང་བཙན་དང་རང་ཐག་རང་གཅོད་ལངས་ཕྱོགས་འཛིན་མཁན་གྱི་སྤྱི་འཐུས་འོས་མི་ཚོར་བླུགས་རྒྱུ་དེ་གལ་ཆེན་ཆགས་ཡོད།                 དབང་ཆ་དེ་ནི་ཁྱེད་རང་གི་ལག་ཏུ་ཡོད།  དེ་གཅིག་པུ་པེ་ཅིང་གིས་འཕྲོག་མི་ཐུབ་པའི་དབང་ཆ་ཞིག་རེད། པེ་ཅིང་ལ་ལན་བརྡ་གསལ་པོ་ཞིག་གཏོང་རྒྱུའི་དུས་ལ་བབས་ཡོད།    བོད་རྒྱལ་ལོ།

བསྐྱར་བཅོས།: ༢༠༡༥/༠༩/༠༨

Leave a Reply

5 thoughts on “རང་བཙན་ལ་འོས་ཇི་ཙམ་མང་ན་དབུ་མའི་ལམ་གྱི་ནུས་པར་ཕན།

  1. རེད། སོ་སོའི་བསམ་ཚུལ་སྤེལ་བར་དགའ་བསུ་ཞུ། འོན་ཀྱང་ཁྱེད་ཀྱིས་རིག་པ་ཆོ་མེད་དེ་འདྲ་བཀོལ་ནས་ཀླུ་འབྱམས་ལ་འོས་རག་ཐབས་བྱེད་ཀྱི་འདུག་པ་ནི་ཐབས་སྐྱོ་བོ་རེད།