རུལ་རྒོལ་བོད་ཕོངས།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

ཟླ་འགའི་སྔོན་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་། སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུར་འུར་སྒྲ་ཆེ་དྲགས་ཏེ། སྔོན་ཆད་འུར་ལངས་བཞིན་པའི་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་དྲག་རྡུང་ལས་འགུལ་དང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག་གནས་ཚུལ་སོགས་ལ་དབྱིངས་བརླགས་འདུག་པ་མ་ཟད། ཐ་ན་བོད་ནང་གི་ཛ་དྲག་གནས་སྟངས་ཀྱང་བར་ལམ་ཞིག་ནས་བོད་མི་ཚོའི་སེམས་ངོས་ན་བར་ཐག་ཇེ་རིང་དང་ཁ་མདོག་ཇེ་རྙིང་དུ་འགྲོ་བཞིན་འདུག ད་ལྟ་བོད་ནང་གི་རོང་བ་དང་འབྲོག་པ། གྲོང་འཁྱེར་དང་གྲོང་གསེབ་མེད་པར་དཀའ་ངལ་གསར་པ་ཞིག་ལ་གདོང་གཏོད་དགོས་བྱུང་ཡོད་པ་སུ་དང་གང་གིས་གླེང་གི་མི་འདུག

 
ཉེས་སྟོང་བཅུ་གསུམ་གྱི་ལོ་མཇུག་དང་བཅུ་བཞིའི་ལོ་མགོར་ཞི་ཅིན་ཕིན་གྱི་སྟག་དང་སྦྲང་མ་མཉམ་རྡུང་གི་འཐོར་རླུང་དེ་ནུབ་བལ་བོད་ས་མཚམས་ནས་བྱང་རུ་སོག་ས་མཚམས་བར་དྲག་ཏུ་ལྡང་སྟེ། རྒྱ་ནག་རྒྱལ་ཡོངས་ཀྱི་ཟ་ཁང་མགྲོན་ཁང་རྫིག་པོ་དག་གི་དཔྱད་དཔལ་རྫོགས་ཡོད་པ་མ་ཟད། མགོ་ཞི་ཅིན་ཕིན་གྱི་ལས་རོགས་ནས་མཇུག་གྲོང་གསེབ་དཔོན་པོའི་ཤག་རོགས་བར་གྱི་ལྐོག་ཟ་ལྐོག་རྔན་གྱི་སྒོ་མོ་ཡོངས་སུ་བརྒྱབ་སྟེ། རྒྱ་ནག་གང་ཟག་གི་དབང་བསྒྱུར་ནས་ཁྲིམས་ཀྱི་དབང་བསྒྱུར་ལ་བར་ཐག་རིང་ཡང་། དངུལ་གྱི་དབང་བསྒྱུར་དེ་རེ་ཞིག་མཇུག་རྫོགས་པར་ངོས་འཛིན་བྱེད་མཁན་བྱུང་ཡོད་ཀྱང་། བར་ལམ་ཞིག་ནས་བོད་ནང་དཀའ་ངལ་གསར་པ་ཞིག་མགོ་ཚུགས་ཡོད་འདུག

 
རྒྱ་ནག་གི་རུལ་རྒོལ་ལས་འགུལ་དེ་གྲངས་ཉུང་མི་རིཊ་དང་། མཐའ་མཚམས་ས་ཁུལ་ལ་གཟས་བ་དང་འདྲ་བར། རུལ་སུངས་བའི་ཁ་དར་ན་བོད་མི་ཚོར་གྱོང་རེག་གི་ཡོད་པ་སྨོས་མེད་རེད་ལ། རུལ་སུངས་བའི་མགོ་བཅོམ་ནའང་བོད་མི་ཚོར་གྱོང་རེག་གི་ཡོད་འདུག ཞི་ཅིན་ཕིན་གྱི་རྒོལ་རྡུང་ལས་འགུལ་དེར་རྐྱེན་བྱས་ཏེ། ཐོག་མར་བོད་ནང་གི་དབྱར་རྩྭ་དགུན་འབུའི་རིན་གོང་ལྷུང་ཡོད་འདུག་ལ། རིམ་གྱིས་ནོར་ལུག་དང་བལ་དང་པཊ་རིཊ། ཐ་ན་ཤ་མར་ཐུད་གསུམ་གྱི་རིན་གོང་ཡང་མར་ལྷུང་སྟེ། དེང་སྐབས་བོད་ནང་གི་འབྲོག་པ་ཚོར་ཟས་གོས་གནས་མལ་ལའང་སེམས་ཁྲལ་ཡོང་གི་ཡོད་འདུག

 
རོང་བའི་འབྲུ་རིགས་དང་ཤིང་ཆས། ཞོར་ལས་པའི་གླ་ཆ་ཡང་མུ་མཐུད་མར་ཆག་གི་ཡོད་པ་མ་ཟད། འབྲོག་པ་གྲོང་རྡལ་དུ་བསྒྱུར་ནས་གྲོང་རྡལ་ཞོར་ལས་ལ་རྒྱུག་བཞིན་པའི་གླ་བ་དག་ཀྱང་ལས་ཤོར་དང་ལས་མེད་ཆགས་བཞིན་ཡོད་ཀྱང་། བོད་ནང་གི་རྒྱ་མི་ཚོར་ཤུགས་རྐྱེན་གང་ཡང་ཐེབས་ཀྱི་མེད་པ་མ་ཟད། རྒྱ་མིའི་ལག་ནས་ཚུར་ཉོ་དགོས་པའི་ཟ་མ་དང་ལ་བ། སྔོ་ཚལ་དང་ཤིང་ཏོག འཕྲུལ་རིགས་དང་ནང་ཆས་སོགས་ཀྱི་རིན་གོང་སྔར་བཞིན་གནས་ཤིང་། ས་ཁུལ་ལ་ལར་སྔར་ལས་ཀྱང་རིན་གོང་འཕར་བཞིན་ཡོད་འདུག

 
ན་ནིང་ད་ལོར་ཁྱོན་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་གཞུང་གིས་བོད་པའི་འབྲོག་པ་གྲོང་རྡལ་དང་རོང་བ་གྲོང་འཁྱེར་ཅན་དུ་སྒྱུར་བཞིན་པའི་སྲིད་བྱུས་དེ་དང་། ཞི་ཅིན་ཕིན་གྱི་རུལ་རྒོལ་ལས་འགུལ་གྱིས་ཡོད་ཚད་སྲིད་གཞུང་གི་སྟངས་འཛིན་འོག་བསྒྲིལ་ནས་འགྲོ་བཞིན་པའི་གནས་སྟངས་དེས། རྒྱ་ནག་ཁྱོན་ཡོངས་ཀྱི་མང་ཚོགས་དཀྱུས་མ་ཚོ་དབུལ་ཕོངས་བཟོ་བཞིན་ཡོད་འདུག་ལ། བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལའང་གཞུང་གི་སྲིད་བྱུས་རང་བཞིན་གྱི་བརྡབ་གསིག་འཕར་མ་ཐེབས་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༥/༡༡/༠༤

Leave a Reply