གཞས་པ་གཞས་མ་ཚོས་ཁ་དང་རྐང་ལག་འགུལ་ཙམ་བྱས་ནས་ལྟད་མོ་བར་མགོ་སྐོར་མ་གཏོང་ཨཱ།

སུད་སིར་གནས་སྡོད་བོད་རིགས་གླུ་གཞས་སྒྱུ་རྩལ་བ་རྣམ་གླིང་བློ་བརྟན་ལགས་སུ་སྒྲ་བརྙན་དང་འགྲོགས་པའི་ཁོང་གི་མི་ཚེ་དང་། སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན་ནའང་། གཞིས་ཀྱི་བོད་རིགས་སྤུན་ཟླའི་དཀའ་སྡུག་གི་འཚོ་བ་སེམས་ཀྱིས་མྱོང་ཞིང་། གླུ་གཞས་སྒྱུ་རྩལ་ལ་བརྟེན་ནས་གཞིས་ལུས་བོད་མིའི་རེ་འབོད་རྒྱལ་སྤྱིའི་ཐོག་སྐྱེལ་ཐབས་བྱེད་བཞིན་ཡོད་པའི་སྐོར་ནས་བཅར་འདྲི་བྱས་ཡོད།
12291175_10153291635160784_8868329700005837815_oདྲི་བ། ཐོག་མར་ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། ང་རང་ཕྱི་ལོ་ ༡༩༦༣ ལོར་རྒྱ་གར་རྡོ་རྗེ་གླིང་དུ་སྐྱེས་པ་དང་། ལོ་ ༤ ཙམ་ལ་སོན་སྐབས་དྷ་རམ་ས་ལར་ཡོང་བ་ཡིན། ཕྱིས་སུ་ངའི་ཕ་མ་གཉིས་བོད་ཁྱིམ་གྱི་ཕ་ཚབ་མ་ཚབ་བྱས་ཏེ་ང་འཛིན་རིམ་ ༡༠ པ་བར་དུ་བོད་ཁྱིམ་ནས་བསྡད་པ་དང་། དེ་ནས་མ་སུ་རི་བོད་ཁྱིམ་དུ་ཞུགས་ཏེ་འཛིན་རིམ་ ༡༡ དང་ ༡༢ ཐོན་རྗེས། ལྡི་ལིའི་མཐོ་སློབ་(St. Stephen’s College)ཏུ་མཚན་ཉིད་རིག་པའི་ཐོག་ལོ་ ༣ ལ་སློབ་སྦྱོང་བྱས་པ་ཡིན། མཐོ་སློབ་ཐོན་རྗེས་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་གཅིག་རིང་སྐད་སྒྱུར་ཐོག་སློབ་སྦྱོང་བྱས་པ་དང་། ཕྱི་ལོ་ ༡༩༨༩ ལོར་སུད་སིར་ཕྱིན་ཏེ་ལོ་ངོ་ ༢༦ ཙམ་འགྲོ་བཞིན་ཡོད་པ་རེད། ད་ལྟའི་བར་འཛམ་བུ་གླིང་གི་རྒྱལ་ཁབ་མང་པོའི་ནང་སྐོར་སྐྱོད་བྱས་ཏེ་བོད་ཀྱི་ནང་མ་སྟོད་གཞས་དང་དེང་དུས་རོལ་གཞས་གཟིགས་འབུལ་ཞུས་བ་དང་འབྲེལ། ང་རང་སྒེར་ངོས་ནས་གང་ཐུབ་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་བྱེད་བཞིན་ཡོད།

 

དྲི་བ། ནང་མ་སྟོད་གཞས་ཀྱི་གཙོས་གླུ་གཞས་དང་རོལ་དབྱངས་ལ་ཇི་ལྟར་བྱས་ནས་དགའ་སྣང་ཆེན་པོ་བསླེབས་སོང་།

ལན། ང་རང་ཆུང་ཆུང་ཡིན་སྐབས་བོད་ཁྱིམ་དུ་འཚར་ལོངས་བྱུང་བ་དང་། སྐབས་དེར་བོད་ཁྱིམ་གྱི་ཁང་པ་རྣམས་རྒྱག་གི་འདུག དང་ཐོག་བོད་ནས་ཡོང་མཁན་མང་ཆེ་བ་སྐྱོ་བོ་དང་སློབ་སྦྱོང་མེད་མཁན་ཡིན་དུས། རྒྱ་གར་གྱི་ལམ་བཟོར་རྒྱུག་པ་དང་ཁང་པ་རྒྱག་པ་སོགས་ཤུགས་ལས་ཞེ་དྲགས་བྱེད་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། གནའ་བོའི་བོད་ཀྱི་ལུགས་སྲོལ་ལྟར་ལས་ཀ་བྱེད་སྐབས་གཞས་འདྲ་མི་འདྲ་མང་པོ་གཏོང་གི་ཡོད་སྟབས། ང་རྒྱུན་དུ་ལས་ཀ་བྱེད་སར་སོང་ནས་གཞས་ལ་ཉན་གྱི་ཡོད་པ་དང་། རིམ་གྱིས་གཞས་ལ་དགའ་སྣང་ཤུགས་ཆེན་པོ་བསླེབས་སོང་། ལྷག་པར་དུ་ངའི་ཨ་མ་ལགས་ཀྱིས་རྒྱུན་དུ་གཞས་སྙན་པོ་མང་པོ་གཏོང་བ་དང་། ལྷག་པར་དུ་མ་ཎི་མགུར་བ་དང་ཞལ་འདོན་སྐྱོར་སྐབས་དཔེ་སྙན་པོ་ཡོད་པས། ང་རང་ཆུང་དུས་ནས་གླུ་གཞས་ལ་དགའ་བོ་ཡོད་པ་ཞིག་ཆགས་སོང་། ངས་རྒྱུན་དུ་འདི་འདྲ་ཟེར་གྱི་ཡོད། བོད་ཀྱི་མི་རབས་རྒན་པ་ཚོས་གཞོན་པ་ཚོར་འདི་རིག་གཞུང་རྒྱུན་འཛིན་ཡིན་དཱ་ཟེར་ནས་དངོས་སུ་ལབ་མེད་ཀྱང་། རང་བཞིན་གྱིས་མི་རབས་ནས་མི་རབས་བརྒྱུད་ང་ཚོའི་རིག་གཞུང་འདི་འདྲ་བརྒྱུད་སྤྲོད་བྱས་ནས་ཡོང་ཡོད་པ་རེད།

 

ང་རང་ལོ་ ༡༧ ཙམ་སོན་སྐབས་ངའི་ཕ་མ་གཉིས་ཀྱིས་ང་ལ་སྒྲ་བརྙན་ཞིག་ཉོས་བྱུང་བས། ངས་སྒྲ་བརྙན་སྦྱངས་ཏེ་བོད་ཁྱིམ་གྱི་རོལ་དབྱངས་རུ་ཁག་ནང་སྒྲ་བརྙན་བཏང་བ་ཡིན། ཡིན་ནའང་། ང་རང་གཅིག་པུ་སྡིངས་ཆའི་སྒང་ཐོན་མ་མྱོང་། ཕྱིས་སུ་སུད་སིར་བསླེབས་ནས་གྲོགས་པོ་གྲོགས་མོ་འདུ་འཛོམས་བྱེད་ས་མང་པོ་ཞིག་ཏུ་ངས་རྐྱང་གཞས་བཏང་བ་ཡིན། ཉིན་ཞིག་བོད་དུ་ཕྱིན་མྱོང་ཡོད་པའི་སུད་སིའི་མི་ཚང་ཞིག་གིས། ང་ལ་ཁྱེད་རང་གིས་བོད་གཞས་དཔེ་སྙན་པོ་གཏོང་གི་འདུག་ཅིག་གཏོང་རོགས་གནང་ཞེས། ཁོ་ཚོ་བོད་ལ་ཕྱིན་པའི་པར་རྣམས་མི་མང་ ༢༠༠ ཙམ་འདུ་འཛོམས་བྱེད་སར་འགྲེམས་སྟོན་བྱས་ཏེ་བར་མཚམས་སུ་ང་ལ་གཞས་གཏོང་དུ་བཅུག་སོང་། དེ་ང་རང་གཅིག་པུ་སྡིངས་ཆ་སྒང་ཐོན་པ་དང་པོ་ཡིན་ལ། དེ་ནས་བཟུང་སྡིངས་ཆའི་སྒང་ཐོན་རྒྱུ་མགོ་བཙུགས་པ་རེད།

 

དྲི་བ། བོད་ཕྱི་ནང་གཉིས་སུ་བོད་རིགས་གཞས་པ་གཞས་མ་མང་པོས་གླུ་གཞས་ལ་རང་སྦྱོང་བྱས་ནས་གར་སྟེགས་སྙེག་གིན་ཡོད་ལ། ཁྱེད་རང་ཡང་གླུ་གཞས་ཀྱི་ཁོར་ཡུག་ཕྱུག་པོ་ཞིག་ནས་འཚར་ལོངས་བྱུང་བ་དང་བསྟུན་རང་སྦྱོང་བྱས་ནས་ཡོང་བ་ཞིག་ཡིན་སྟབས། གླུ་གཞས་ཆེད་སྦྱོང་བ་ཞིག་དང་བསྡུར་ན་ཞན་ཆ་ག་རེ་མཐོང་གི་འདུག

ལན། དེ་ལ་བཟང་ཆ་དང་ཞན་ཆ་གཉིས་ཀ་ཡོད་པ་རེད། ང་རང་ཡིན་ན་གླུ་གཞས་རང་སྦྱོང་བྱས་ནས་ཡོང་བ་ཞིག་ཡིན་ལ། ང་ཕྱི་རྒྱལ་དུ་བསྡད་ནས་ལོ་ ༢༦ ཙམ་འགྲོ་ཡི་ཡོད། དེའི་རིང་ཕྱི་རྒྱལ་གྱི་རོལ་གཞས་སློབ་ཆེན་འགྲིམས་མྱོང་བའི་ཆེད་སྦྱོང་བ་མང་པོ་དང་འབྲེལ་བ་བྱུང་སོང་། ཁོང་ཚོ་ང་དང་མཉམ་དུ་གླུ་གཞས་གཏོང་བར་དགའ་བོ་ཞེ་དྲགས་གནང་གི་འདུག གང་ཡིན་ཟེར་ན། རང་སྦྱོང་བྱས་ནས་ཡོང་བ་དེ་ཚོར་དབྱངས་ཀྱི་སྒྲོམ་གཞི་མེད་པར་རང་དབང་ཆེན་པོ་ཡོད་པ་རེད། ཁོང་ཚོ་ལྟ་བུ་ཡིན་ན་སྤྱིར་བཏང་མཁས་པ་ཞེ་དྲགས་ཡོད་ཀྱང་། ཆུང་ཆུང་སྐབས་ནས་དབྱངས་ཀྱི་སྒྲོམ་གཞི་ཞིག་གི་ནང་དུ་ཕྱིན་པར་བརྟེན། སྒྲོམ་གཞི་དེའི་ནང་ནས་མར་ཐོན་རྒྱུ་ཁག་པོ་ཞེ་དྲགས་ཡོད་པ་རེད།

 

ཡང་ཞན་ཆའི་ཕྱོགས་ནས་བརྗོད་པ་ཡིན་ན། ང་ཚོ་རང་སྦྱོང་བྱས་ནས་ཡོང་བ་དེ་ཚོར་དབྱངས་ཀྱི་འགྲོ་སྟངས་ལ་ངེས་གཏན་གྱི་སྒྲོམ་གཞི་མེད་དུས། དབྱངས་ཀྱི་མཐོ་དམན་དང་གཅོད་མཚམས་ཏག་ཏག་མེད་པའི་ཞན་ཆ་ཞིག་ཡོད་སྟབས། ང་ཚོ་ལྟ་བུ་རང་སྦྱོང་བྱས་ནས་ཡོང་མཁན་ཚོས་རྒྱལ་སྤྱིའི་དབྱངས་ཀྱི་འགྲོ་སྟངས་དེ་སྦྱང་ན་ཁེ་ཕན་ཞེ་དྲགས་འདུག ང་རང་ལོ་གཉིས་རིང་ཡུ་རོབ་ཀྱི་རོལ་དབྱངས་ཆེད་སྦྱོང་སློབ་གྲྭ་ཞིག་ཏུ་ཕྱིན་པ་ཡིན་ལ། རོལ་དབྱངས་ཀྱི་སྐད་བརྡ་རྣམས་རོབ་ཙམ་ཤེས་སོང་བས་གླུ་གཞས་ཆེད་སྦྱོང་བ་ཚོ་དང་མཉམ་འབྲེལ་བྱེད་པ་ལས་སླ་རུ་སོང་བ་མ་ཟད། དབྱངས་ཀྱི་མཐོ་དམན་དང་གཅོད་མཚམས་འཛིན་པར་ཕན་ཐོགས་ཞེ་དྲགས་བྱུང་།

 

དྲི་བ། དེང་སང་གཞོན་སྐྱེས་མང་པོས་བོད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་ནང་དེང་དུས་ཀྱི་འཁྲུག་ཆ་དོད་པའི་གླུ་གཞས་ཀྱི་ཚིག་དང་གདངས་མཉམ་སྲེ་བྱས་ཏེ་གསར་གཏོད་ཅིག་ལ་ངོས་འཛིན་བྱེད་བཞིན་འདུག ཁྱེད་རང་དེའི་ཐད་དགོངས་ཚུལ་ག་རེ་ཡོད།

ལན། དེང་སང་བོད་ཕྱི་ནང་གཉིས་སུ་གཞས་གཏོང་མཁན་མང་པོ་ཞེ་དྲགས་འདུག་ལ། ལྷག་པར་དུ་བོད་སྐད་ཀྱི་ཐོག་ནས་གཞས་གཏོང་མཁན་མང་པོ་ཡོང་གི་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ཡིན་ནའང་། ཕྱོགས་གཞན་པ་ཞིག་ནས་བལྟས་པ་ཡིན་ན། དཔེར་ན། བོད་ནང་དུ་ཡོད་པའི་གཞས་པ་གཞས་མ་ཚོས་བོད་གཞས་བླངས་བ་ཡིན་ནའང་དབྱངས་དེ་རྒྱ་མིས་བཟོས་པ་ཡིན་ན། རྒྱ་ནག་གི་དབྱངས་ཀྱི་ཤུགས་རྐྱེན་བསླེབས་ཏེ་རྒྱ་གཞས་འདྲ་པོ་ཆགས་འགྲོ་ཡི་ཡོད་པ་དང་། ཡང་བལ་པོའི་ནང་ཡོད་པའི་བོད་ཀྱི་གཞས་གཏོང་མཁན་ཚོའི་དབྱངས་དེ་བལ་པོའི་མིས་བཟོ་ཡི་ཡོད་དུས་བལ་པོའི་ཤུགས་རྐྱེན་ཆེན་པོ་བསླེབས་ཀྱི་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པ་དེ་ཚོའང་གཅིག་མཚུངས་རེད། ངས་ཡག་པོ་རེད་དང་སྡུག་པོ་རེད་ཅེས་ཞུ་ཤེས་ཀྱི་མི་འདུག་ཀྱང་། དེང་དུས་ཀྱི་བོད་གཞས་ནང་ཕྱིའི་དབྱངས་ཀྱི་ཤུགས་རྐྱེན་ཆེན་པོ་བསླེབས་འདུག དུས་དང་སྤྱི་ཚོགས་ལ་འགྱུར་བ་ཞེ་དྲགས་འགྲོ་བཞིན་ཡོད་པས་སྣང་བར་འགྲོ་ན་རེད། མ་འགྲོ་ནའང་རེད་གང་ལྟར་ང་ཚོའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་ལ། མ་འོངས་ལོ་ ༥༠ ཡི་རྗེས་སུ་ཕྱིར་མིག་ཅིག་བལྟ་སྐབས། ད་ལྟའི་དེང་དུས་ཀྱི་བོད་གཞས་དེ་ཚོ་ང་རང་ཚོ་བོད་པའི་རིག་གཞུང་ཞིག་ཆགས་འགྲོ་ཡི་ཡོད་པ་རེད།

 

དེང་དུས་ཀྱི་གཞས་གཏོང་མཁན་བོད་རིགས་གཞས་པ་གཞས་མ་ཚོར་ངས་རེ་བ་ག་རེ་ཞུ་ཡི་ཡོད་ཟེར་ན། དང་པོ་བོད་པ་རང་གི་དམངས་ཁྲོད་ཀྱི་གླུ་གཞས་དང་སྒྲ་བརྙན་སྦྱོང་ཐུབ་ན་ཡག་པོ་ཡོད་པ་རེད། བོད་པའི་ཐུན་མོང་མ་ཡིན་པའི་གཞས་ཡག་པོ་གཏོང་ཐུབ་ཀྱི་ཡོད་ན། དེང་དུས་ཀྱི་གཞས་ཡག་པོ་གཏོང་ཐུབ་པར་ཁེ་ཕན་ཞེ་དྲགས་ཡོད་པ་རེད། རོལ་ཆས་ག་རེ་དཀྲོལ་བ་ཡིན་ནའང་གཞས་དེ་གོ་བ་ཙམ་གྱིས་བོད་པའི་གཞས་རེད་བསམ་པའི་ཚོར་བ་ཞིག་ལེན་ཐུབ་པ་བྱེད་དགོས་པ་རེད།

 

དྲི་བ། བོད་ཕྱི་ནང་གཉིས་ཀྱི་གླུ་གཞས་བསྡུར་བ་ཡིན་ན། སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཆེ་ཆུང་གི་ཁྱད་པར་ཞེ་དྲགས་ཡོད་པའི་རྒྱུ་མཚན་ག་རེ་ཡིན་ནམ།

ལན། བོད་ནང་གི་གཞས་པ་གཞས་མ་ཚོའི་དབྱངས་ལ་རྒྱའི་རོལ་དབྱངས་ཀྱི་ཤུགས་རྐྱེན་ཡོད་མེད་ལ་མ་ལྟོས་པར་ཁྱད་ཆོས་ག་རེ་འདུག་ཟེར་ན། དཔེར་ན། ཀུན་དགའ་དང་སྒྲོལ་མ་སྐྱབས། དེ་བཞིན་དེང་སང་བུ་མོ་ཁ་ཤས་ཀྱང་འདུག ཁོང་ཚོའི་གྲས་ཀྱི་གཞས་རྣམས་ཚད་ལྡན་ཞེ་དྲགས་ཡོང་གི་འདུག གང་ཡིན་ཟེར་ན། ཁོང་ཚོའི་གཞས་ཚིག་འབྲི་མཁན་དང་གདངས་དབྱངས་རྩོམ་མཁན་ལོགས་ཀ་ཡིན་དུས་ཚད་ལྡན་ཞེ་དྲགས་ཡོང་གི་ཡོད་པ་རེད། ང་ཚོ་སྐྱབས་བཅོལ་བའི་གཞས་པ་ཚོའི་དཀའ་ངལ་ཆེ་ཤོས་ག་རེ་རེད་ཟེར་ན། གཞས་ལ་སྤྲོ་སྣང་ཞེ་དྲགས་ཡོད་ཀྱང་གཏིང་གི་སློབ་སྦྱོང་ཞེ་དྲགས་བྱས་མེད་དུས། བོད་ནང་ནས་བཏང་བའི་གླུ་གཞས་ལྟ་བུའི་སྤུས་ཚད་ལྡན་པ་ཞིག་ཡོང་གི་ཡོད་པ་མ་རེད་བསམ་གྱི་འདུག

 

དྲི་བ། དུས་སྟོན་དང་འདུ་འཛོམས་ཆེན་པོའི་སར་བོད་རིགས་གཞས་པ་གཞས་མ་མང་པོས་སོ་སོའི་གླུ་གཞས་རྙིང་པ་དེ་ཚོ་བསྐྱར་གཏོང་བྱས་ནས་སྟབས་བདེ་བཟོ་བ་དང་། ལྷག་པར་དུ་གཞས་པ་གཞས་མ་གསར་པ་མང་པོས་གཞན་གྱི་གླུ་གཞས་བཏང་སྟེ་སོ་སོས་གར་སྟེགས་ཐོག་ནས་ཁ་འགུལ་ཙམ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ལྟད་མོ་བ་མང་པོར་ཉོབ་སྣང་ཆེན་པོ་བཟོ་ཡི་ཡོད་པ་དེར་མཐོང་ཚོར་དང་རེ་སྐུལ་ག་རེ་ཡོད།

ལན། སྤྱིར་བཏང་གི་ཧ་ཧ་ཧོ་ཧོ་བྱེད་པའི་སྐབས་སུ་ཁྱད་པར་མེད་ཀྱང་སྡིངས་ཆའི་སྒང་ལ་གཞས་གཏོང་སྐབས་སྐྱོན་ག་རེ་མཐོང་གི་འདུག་ཟེར་ན། གཞས་པ་གཞས་མ་མང་པོ་ཞིག་གིས་དང་པོ་ནས་གཞས་འོད་སྡེར་དང་མཐེབ་སྡེར་སོགས་ཀྱི་ནང་བཅུག་སྟེ། སྡིངས་ཆའི་སྒང་ནས་ (Lib Singing) ཁ་འགུལ་ཙམ་བྱས་ནས་རྣམ་པ་ཙམ་སྟོན་པ་དེ། གླུ་གཞས་སྒྱུ་རྩལ་བ་ཞིག་གི་ངོས་ནས་བཤད་ན་སྐྱོན་ཆ་ཆེན་པོ་དང་ཐབས་སྐྱོ་བོ་ཞེ་དྲགས་རེད། ང་རང་སུད་སི་དང་ཨ་རི་སོགས་སུ་ཕྱིན་སྐབས་བོད་པའི་སྤྱི་ཚོགས་ནང་ཁ་འགུལ་ཙམ་བྱས་ནས་ལྟད་མོ་བར་མགོ་སྐོར་གཏོང་བའི་བྱེད་སྟངས་དེ་དར་ཁྱབ་ཆེན་པོ་ཕྱིན་འདུག སྤྱིར་བཏང་ང་ཚོར་ཆ་རྐྱེན་ཡག་པོ་མེད་དུས་ཁག་ཡོད་པ་མ་རེད་དེ། གལ་སྲིད་དངོས་གནས་གླུ་གཞས་ལ་སྤྲོ་སྣང་ཡོད་པ་ཡིན་ན། དཔེར་ན་རྒྱ་གར་ནང་ལོགས་སུ་ཡོད་པ་ཞིག་ཡིན་ནའང་། རྒྱ་གར་གྱི་རོལ་ཆས་པ་དེ་འདྲར་འབྲེལ་བ་བྱས་ཏེ་འགྲོ་སོང་ཆེན་པོ་གཏོང་མ་དགོས་པའི་ཐོག་ནས་ཐབས་ལམ་འཚོལ་རྒྱུ་ཡོད་པ་རེད།

 

ངས་ག་དུས་ཡིན་ནའང་ཞུ་ཡི་ཡོད། ཁྱེད་རང་གིས་རོལ་ཆས་ཐབས་ཆག་ཅིག་མ་གཏོགས་ཤེས་ཀྱི་མེད་ནའང་གང་ཤེས་པ་དེ་བཏང་བ་ཡིན་ན། རྒྱབ་ལོག་ནས་གཞན་གྱི་དེ་བཏང་བ་དང་བསྡུར་ན་གཟི་བརྗིད་ཆེ་བ་ཡོད་པ་རེད། ང་རང་སྒྲ་བརྙན་ལ་མཁས་པ་གང་ཡང་མིན་ཏེ་གང་ཤེས་པ་དེ་གཏོང་གི་ཡོད། དེ་འདྲ་བྱས་པ་ཡིན་ན། རིམ་གྱིས་རང་ཉིད་ལ་གོམས་ནས་ཡར་རྒྱས་འགྲོ་ཡི་རེད་ལ། ལྟད་མོ་ལྟ་མཁན་ཚོས་ཁྱེད་རང་མ་འདྲ་བ་ཞེ་དྲགས་ཤིག་ཡོད་པ་རེད་བསམ་སྟེ། རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཡོང་གི་མེད་པར་ཁྱེད་རང་ག་འདྲ་ཞིག་ཡོད་དམ། མཐོང་ཚོར་ག་རེ་ལེན་རྒྱུ་ཡོང་ན་བསམ་ནས་ཡོང་བ་ཡིན་དུས། སོ་སོ་གང་འདྲ་ཡོད་ནའང་དེ་སྟོན་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད། སྤྱིར་བཏང་སོ་སོས་དགའ་མོས་བྱེད་པའི་གཞས་པ་དང་ཞབས་བྲོ་བ་དེ་འདྲ་ཞིག་ཆགས་ན་བསམ་པའི་རེ་འདོད་ཡོད་ཀྱང་། སྡིངས་ཆའི་སྒང་ནས་གྱོན་གོས་ཁྲ་ཁྲ་ཟང་ཟིང་ཞིག་གྱོན་ཏེ། ཁ་དང་རྐང་ལག་འགུལ་ཙམ་བྱས་ནས་ཁོང་ཚོར་ལད་མོ་བྱས་བསྡད་ན། ལྟད་མོ་བ་མགོ་སྐོར་བཏང་བ་ཞིག་ཆགས་ཀྱི་ཡོད་པས་དེ་འདྲ་ཁྱོན་ནས་བྱ་རྒྱུ་ཡོད་པ་མ་རེད།

 

དཔེར་ན། ང་སྒྲོལ་མ་སྐྱབས་ལ་དགའ་མོས་ཞེ་དྲགས་ཡོད་ཀྱང་། ངས་སྒྲོལ་མ་སྐྱབས་ནང་བཞིན་གཞས་གཏོང་གི་ཡིན་བསམ་པ་ཞིག་སེམས་ལ་འཁོར་གྱི་མི་འདུག གང་ཡིན་ཟེར་ན། ཁོ་ཁོ་རང་རེད། ང་ང་རེད། ཡིན་ནའང་། ངས་ཁོའི་ཚིག་དང་གདངས་དེ་ཚོར་སློབ་སྦྱོང་བྱས་ནས་ང་རྣམ་གླིང་བློ་བརྟན་ནང་བཞིན་གཏོང་ཐུབ་ཀྱི་རེད། སྡིངས་ཆའི་སྒང་དུ་བསླེབས་ཚར་རྗེས་གལ་ཆེ་ཤོས་དེ་སོ་སོའི་སེམས་ལྷོད་ལ་བབས་ཏེ། དེ་རིང་ཁང་པ་འདིའི་ནང་དུ་ཡོད་པའི་ལྟད་མོ་བ་ཚོར་ངས་ཚོར་སྣང་ཡག་པོ་ཞིག་སྤྲོད་ཀྱི་ཡིན་བསམ་དགོས་པ་ལས། ང་རྒྱལ་ཆེན་པོ་བྱས་ཏེ་ལྟོས་ཨ། དེ་རིང་ངས་སྐད་གྲགས་འཇོག་གི་ཡིན་བསམ་ན་ནོར་འཁྲུལ་ཆེན་པོ་རེད། ཀུན་སློང་དེ་འདྲ་འཁུར་ནས་གཞས་ཡག་པོ་ཞིག་ཁྱོན་ནས་གཏོང་ཐུབ་ངེས་མ་རེད།

 

TibetanWarrior_artwork_800pxདྲི་བ། ཁྱེད་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་གློག་བརྙན་༼བོད་ཀྱི་དཔའ་རྟུལ༽ཞེས་པ་དེ་བཟོས་པའི་བརྒྱུད་རིམ་དང་དགོས་དམིགས་མདོར་བསྡུས་ཤིག་ཤོད་དང་།

ལན། དང་པོ་གློག་བརྙན་བཟོ་བའི་འཆར་གཞི་གཏན་ནས་མེད། སྐབས་དེར་བོད་ནང་སྐུ་ལུས་མེར་སྲེག་གནང་མཁན་གྱི་གྲངས་འབོར་ ༣༥ ཙམ་ཟིན་ཏེ། སུད་སིའི་ནང་ཡོད་པའི་བོད་མི་ཚོས་སེམས་འཚབ་ཆེན་པོ་བྱས་ནས་ག་རེ་དགོས་བསམ་ནས་བསྡད་འདུག ང་རང་ཡང་བོད་པ་ཞིག་ཡིན་དུས་སེམས་འཚབ་ཆེན་པོ་བྱུང་སྟེ་ག་རེ་བྱེད་དགོས་བསམ་ནས་བསམ་བློ་མང་པོ་བཏང་རྗེས། གསར་འགོད་པ་ཁ་ཤས་ལ་འབྲེལ་བ་བྱས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་བྱེད་དགོས་བསམ་སོང་། ཡིན་ནའང་། གསར་འགོད་པ་ཚོ་དངོས་སུ་བོད་ནང་འགྲོ་ཐུབ་ཀྱི་མེད་པས་དེ་འདྲ་ཞིག་བྱུང་འདུག་ཟེར་ནས་ཚགས་པར་ནང་དུ་འདོན་རོགས་བྱེད་ཀྱི་མི་འདུག་ལ། གལ་སྲིད་བཏོན་པ་ཡིན་ནའང་ཚིག་སྐམ་པོ་ཁ་ཤས་མ་གཏོགས་འབྲི་ཡི་མི་འདུག་པས། ང་ཁོང་ཁྲོང་ལངས་ཏེ་ང་རང་བཤད་དུ་འགྲོ་ཡི་ཡིན་ཟེར་ནས་བསམ་བློ་ཞེ་དྲགས་བཏང་བ་ཡིན། ཁོང་ཚོ་ནང་བཞིན་སྐུ་ལུས་མེར་སྲེག་གཏོང་བའི་སྤོབས་པ་མི་འདུག་ཀྱང་། ང་སྐུ་ལུས་མེར་སྲེག་མ་གཏང་ཙམ་གྱི་ཚད་བར་དུ་འགྲོ་དགོས་བསམ་བྱུང་། དང་པོ་གོམ་པ་བརྒྱབ་ནས་འགྲོ་དགོས་བསམ་ཡང་། སུད་སིའི་ལུང་པ་སྐྱིད་པོ་དེའི་ནང་གོམ་པ་བརྒྱབ་ནས་འགྲོ་མཁན་མང་པོ་ཡོད་པ་རེད། དེ་ནས་ཕྱག་འཚལ་ནས་འགྲོ་དགོས་བསམ་སོང་ཡང་། དེ་གཅིག་པུས་འགྲིག་གི་མི་འདུག་པས་བསམ་བློ་མང་པོ་བཏང་བ་ཡིན། དགོང་དག་ཅིག་ལ་གློ་བུར་དུ་རོ་སྒམ་འདྲུད་ནས་འགྲོ་རྒྱུ་ཞིག་སེམས་ལ་འཁོར་བྱུང་།

 

རོ་སྒམ་གྱི་མཚོན་དོན་ག་རེ་ཡིན་ཟེར་ན། མི་ཤི་བ་ཡིན་ན་རོ་སྒམ་ནང་དུ་བླུགས་ཀྱི་ཡོད་སྟབས། བོད་ཀྱི་རྒྱལ་ཁབ་དེ་ཞེ་ས་མ་ཞུས་ན་མི་ཞིག་ཡིན་ན། ཤི་བའི་ཉེན་ཁ་ཆེན་པོ་ཞིག་ཏུ་བསླེབས་བསྡད་ཡོད་དུས། ངས་སུད་སིའི་ལུང་པ་སྙིང་རྗེ་མོ་དེའི་ནང་རོ་སྒམ་འདྲུད་ནས་སུད་སིའི་མི་ཚོས་བོད་དོན་ཐོག་དོ་སྣང་ཡོང་ཐབས་བྱས་པ་ཡིན། མི་སུ་འདྲ་ཞིག་ཡིན་ནའང་སྐྱེས་པའི་རྗེས་ལ་ཤི་རྒྱུ་ཡིན་པས་མི་ཚོས་རོ་སྒམ་དེ་མཐོང་དུས་འཆི་བ་དྲན་པ་མ་ཟད། མི་དེས་ག་རེ་བྱེད་ཀྱི་ཡོད་ན་བསམ་ནས་ལྟད་མོ་ལྟ་བ་དང་སྐད་ཆ་འདྲི་ཡི་འདུག དེ་དུས་ངས་བོད་ནང་སྐུ་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཛ་དྲག་གནས་སྟངས་འགྲེལ་བཤད་བརྒྱབ་པ་ཡིན། ངས་སུད་སིའི་རྒྱལ་ས་བྷིན་(Bern)ནས་རོ་སྒམ་འདྲུད་དེ་ཕྱག་འཚལ་བཞིན་འཚལ་བཞིན་གྲོང་ཁྱེར་ཇི་ནི་ཝིའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བར་དུ་ཕྱིན་པ་དང་། བསྡོམས་པའི་ཉིན་གྲངས་ ༥༣ འགོར་སོང་།

 

དང་ཐོག་གློག་བརྙན་དུ་ལེན་པའི་འཆར་གཞི་གང་ཡང་མེད་ཀྱང་། ངའི་ངོ་ཤེས་དང་གྲོགས་པོ་མང་པོས་པར་དང་གློག་བརྙན་ལེན་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་ལབ་སྟེ། ངའི་ངོ་ཤེས་ཤིག་བརྒྱུད་ནས་གློག་བརྙན་ཕབ་ལེན་པ་ཌོ་ཌོ་ཧོན་ཛི་ཁར་(Dodo Hunziker)ལགས་ཀྱིས་ངའི་རོ་སྒམ་འདྲུད་པའི་ལས་འགུལ་ལ་གློག་བརྙན་ཆུ་ཚོད་ཕྱེད་ཀ་ཅན་ཞིག་ཕབ་ལེན་གནང་ཡོད་པ་དང་། ཕྱིས་སུ་སུད་སིའི་བརྙན་འཕྲིན་ཁང་གིས་གློག་བརྙན་དེ་བསྟན་པ་མ་ཟད། གློག་བརྙན་ཞིག་བཟོས་ན་དཔེ་ཡག་པོ་ཡོང་ས་རེད་ཅེས་སྦྱིན་བདག་གནང་ཡོད་པ་རེད། ཡིན་ནའང་། ཁོང་ཚོས་གློག་བརྙན་དེའི་ནང་ངེས་པར་དུ་༧གོང་ས་མཆོག་གི་བཀའ་སློབ་ཅིག་དགོས་ཀྱི་ཡོད་ལབ་པ་ལྟར། ༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་བཀའ་འདྲི་ཞུ་བའི་གོ་སྐབས་བྱུང་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག བོད་དོན་སྐོར་གྱི་མཁས་པ། གཞན་ཡང་། སྤྱི་ཚོགས་ཐོག་དེ་ཙམ་ཐོན་མེད་པའི་བོད་དོན་ཐོག་དཀའ་ལས་རྒྱག་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་བཅས་གློག་བརྙན་ནང་བཅུག་ཡོད་པ་རེད།

 

འདི་ལོའི་ཕྱི་ཟླ་ ༢ པ་ནས་བཟུང་དྷ་སའི་གློག་བརྙན་དུས་སྟོན་གྱི་གཙོས་ཨ་རི་དང་སུད་སི་སོགས་ལུང་པ་མང་པོའི་ནང་བོད་དོན་དྲིལ་བསྒྲགས་ཆེད་གློག་བརྙན་འདི་བསྟན་པ་ཡིན་ལ། རྒྱ་ཆེའི་ལྟད་མོ་བ་མང་པོའི་དགའ་མོས་ཆེན་པོ་བྱེད་ཀྱི་འདུག དཔེར་ན། སུད་སིའི་གྲོང་ཁྱེར་འཛི་རིག་ཏུ་གློག་བརྙན་འདི་སྟོན་སྐབས། རྒྱ་ནག་གཞུང་ཚབ་ཁང་གི་མི་སྣ་ཞིག་ངའི་ལག་པ་གཉིས་ལ་འཐམས་ཏེ། ཁྱེད་རང་གིས་བསམ་པ་ནང་བཞིན་བྱུང་འདུག་པར་རྟེན་འབྲེལ་ཞུ་ཞེས་དགའ་སྐྱོ་ཟུང་འབྲེལ་གྱིས་བརྗོད་བྱུང་། དེ་བཞིན་ཨ་རིའི་ཉིག་ཡོག་གི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས། རྒྱ་རིགས་བུད་མེད་ཅིག་ཧོན་འདྲ་འཐོར་ཏེ་ངའི་ལག་ཏུ་ཁ་ན་ཌའི་སྒོར་མོ་ ༡༠༠ བཞག་སྟེ། ཁྱེད་རང་གི་གློག་བརྙན་དེས་ངའི་བྱིས་པ་རྣམས་ལོ་ ༡༠ ལ་སློབ་གྲྭར་ཕྱིན་པ་ལས་ཀྱང་ཕན་ཐོགས་ཆེ་བ་བྱུང་སོང་། སེམས་འགུལ་ཆེན་པོ་ཐེབས་བྱུང་ཐུགས་རྗེ་ཆེ་ཞེས་བརྗོད་བྱུང་། གཞན་ཡང་། རོ་སྒམ་ལས་འགུལ་གཞི་ལ་བཞག་ནས་བོད་ཀྱི་མཛངས་མ་གོ་སྒྲིག་ཚོགས་པ་ནས་ང་ལ་རང་དབང་གཟེངས་རྟགས་ཤིག་གནང་བྱུང་ལ། སུད་སི་དང་འཇར་མན་ཡང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་(International Society Human Right)ནས། འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཕྱག་ལས་དམིགས་བསལ་གནང་མཁན་ཚོར་ལོ་ལྟར་གཟེངས་རྟགས་ཤིག་འབུལ་བཞིན་ཡོད་པ་ལྟར། ཕྱི་ལོ ༢༠༡༥ ལོའི་གཟེངས་རྟགས་དེ་ང་དང་སུད་སིའི་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་གནང་རྒྱུ་ཡིན་པ་ཉེ་སྔོན་གསལ་བསྒྲགས་གནང་སོང་།

 

དྲི་བ། ཁྱེད་རང་གིས་ཕོ་རོག་དཀར་པོ་ཟེར་བའི་རོལ་དབྱངས་ཚོགས་པ་ཞིག་བཙུགས་ཡོད་པ་དེ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ཕོ་རོག་དཀར་པོ་རོལ་དབྱངས་ཚོགས་པ་ཟེར་བ་དེ་ངས་ཆེད་དུ་བོད་ནང་གི་གཞས་པ་གཞས་མ་ཚོར་དམིགས་ནས་བཙུགས་པ་ཞིག་ཡིན་ལ། རོལ་དབྱངས་བ་བཞི་བཅས་ང་ཚོ་མི་ལྔ་ཡོད། རོལ་དབྱངས་ཚོགས་པ་དེ་བཙུགས་པའི་རྒྱུ་མཚན་གང་ཡིན་ཟེར་ན། བོད་ནང་གི་གཞས་པ་ཡ་དུང་དང་སྒྲོལ་མ་སྐྱབས། ཤེར་བསྟན། ཀུན་དགའ་སོགས་གཞས་པ་གཞས་མ་གྲགས་ཅན་ཚོས་བཏང་བའི་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གླུ་གཞས་སྙན་པོ་དང་གལ་ཆེན་པོ་མང་པོ་ང་ཚོས་ཕྱི་ནས་ལྟ་ཉན་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་། གཞས་ཚིག་བོད་སྐད་ཡིན་པ་དང་དབྱངས་ཀྱི་འགྲོ་སྟངས་རྒྱལ་སྤྱིའི་འགྲོ་སྟངས་དང་མ་འདྲ་བ་ཞིག་ཡིན་དུས། ཕྱི་རྒྱལ་བའི་ནང་དུ་ཉན་མཁན་ཧ་ཅང་ཉུང་ཉུང་རེད། རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་གཞས་པ་གཞས་མ་ཚོའི་རང་དབང་དང་རྒྱལ་གཅེས་ཀྱི་གླུ་གཞས་དེ་ཚོར་ལྟ་ཉན་དགོས་པ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ཡིན་ནའང་། ངས་གཞས་དེ་ཚོ་འཁུར་ནས་འདི་འདྲ་ཞིག་ཡོད་པ་རེད་ལབ་པ་ཡིན་ན། གཞས་ཀྱི་ནང་དོན་གོ་ཡི་མི་འདུག་ལ། གཞས་ཀྱི་མྱོང་ཚོར་ལོགས་ཀ་རེད་འདུག་ཅེས་དེ་ཙམ་གྱིས་དོ་སྣང་བསླེབས་ཀྱི་མི་འདུག ཉེ་སྔོན་༧གོང་ས་མཆོག་ནོར་ཝེ་ནང་ཆིབས་བསྒྱུར་གནང་སྐབས། ངས་བོད་ནང་རང་དབང་གི་གཞས་གཏོང་མཁན་མང་པོ་ཡོད་ཀྱང་། ད་ལྟ་ཁོང་ཚོའི་ནང་ནས་མང་པོ་ཞིག་རྒྱ་ནག་གི་བཙོན་ཁང་དུ་ཡོད་སྟབས། ངས་ཁོང་ཚོའི་གཞས་རྣམས་འཛམ་གླིང་གི་སྡིངས་ཆའི་ཐོག་བསླེབ་ཐུབ་པའི་ཐབས་ཤེས་གཏོང་གི་ཡིན་ཞེས་ཞུ་སྐབས། ༧སྐུ་མདུན་ནས་དེ་ཡག་པོ་ཞེ་དྲགས་འདུག་ཅེས་བཀའ་གནང་བ་ལྟར། པཱ་ཐི་རི་ཁི་ཟེར་བའི་སུད་སིའི་རོལ་དབྱངས་སྒྲིག་བཟོ་བ་མཁས་ཅན་ཞིག་དང་མཉམ་འབྲེལ་གྱིས། བོད་ནང་གི་གཞས་སྙན་པོ་ཁག་ཅིག་གི་ཚིག་དང་གདངས་དེ་རང་བེད་སྤྱོད་བཏང་སྟེ། ཕྱི་རྒྱལ་བས་དགའ་མོས་བྱེད་པའི་རོལ་དབྱངས་ཀྱི་འགྲོ་སྟངས་ཐོག་སྒྲིག་བཟོ་བྱས་ཡོད་ལ་ཧ་ཅང་ཡག་པོ་བྱུང་སོང་བས། ང་ཚོས་མུ་མཐུད་དུ་ཡར་རྒྱས་བཏང་སྟེ་བོད་ནང་གི་གླུ་གཞས་གང་མང་མང་རྒྱལ་སྤྱིའི་ཐོག་སྐྱེལ་ཐབས་བྱེད་པའི་འཆར་གཞི་ཡོད།

 

དྲི་བ། བཙན་གནོན་གྱིས་གཞན་ཡུལ་དུ་གྱར་བའི་གླུ་གཞས་དང་རོལ་དབྱངས་སྒྱུ་རྩལ་བ་ཞིག་ལ་མཚོན་ན། སྒྱུ་རྩལ་གྱི་ལམ་ནས་བོད་དོན་འཐབ་རྩོད་ལ་གཞོགས་འདེགས་ཀྱི་ནུས་པ་ཅི་ཙམ་ཐོན་ཐུབ་པ་རེད་བསམ་གྱི་ཡོད།

ལན། དེང་སང་སྤྱི་ཚོགས་ནང་མི་རྣམས་མགོ་འཁོར་སའི་ཆ་རྐྱེན་མང་པོ་ཡོད་དུས། སོ་སོའི་དམིགས་ཡུལ་དེ་བརྟན་པོ་ཉར་དགོས་པ་དཔེ་གལ་ཆེན་པོ་ཆགས་འདུག་སྟབས། ངས་ཉིན་ལྟར་སྐར་མ་ ༥ རེར་བོད་དོན་ཐོག་བསམ་བློ་གཏོང་གིན་ཡོད། དེ་ལྟར་བསམ་བློ་བཏང་བ་ཡིན་ན་སོ་སོའི་དམིགས་ཡུལ་བརྟན་པོ་ཉར་ནས་བསམ་བློའི་རྒྱུན་དེ་ཆད་ཀྱི་མི་འདུག་ལ། ངས་ག་རེ་བྱེད་དགོས་ན་བསམ་པའི་སེམས་འཚབ་ཅིག་ག་དུས་ཡིན་ནའང་ཡོང་གི་འདུག ང་ཚོ་བོད་པ་མི་རེ་ངོས་རེ་ནས་ཁྲོམ་གཞུང་དུ་ཐོན་ནས་སྐད་བརྒྱབ་པ་ཁོ་ན་མ་ཡིན་པར་བསམ་བློ་ཡག་པོ་བཏང་སྟེ། སོ་སོའི་ནུས་རྩལ་གྱི་ཐོག་ནས་གསར་གཏོད་རང་བཞིན་གྱི་ལས་འགུལ་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་འདུག

 

དེང་སང་བོད་པའི་གཞོན་སྐྱེས་ནང་རི་མོ་དང་གཞས་སོགས་ཀྱི་ཐོག་ནས་སྒྱུ་རྩལ་བ་མང་པོ་ཐོན་ཡོང་གི་ཡོད་སྟབས། སྒྱུ་རྩལ་ལ་བརྟེན་ནས་སོ་སོའི་ནུས་རྩལ་བཏོན་ནས་བོད་དོན་ཐོག་ལས་ཀ་བྱེད་ཐུབ་པ་ཡིན་ན། ནུས་པ་ཆེ་བ་ཐོན་ཐུབ་པ་རེད། སྤྱི་ཚོགས་ཀྱི་གནས་སྟངས་ལ་དཔག་པའི་ང་ཚོ་བོད་པ་རྣམས་ཀྱང་ཕྱོགས་ཚང་མའི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྒང་ཐོན་ཏེ། ང་བོད་པ་ཡིན་ལ། འཛམ་བུ་གླིང་སྤྱི་མཚུངས་ལྟར་ང་ཚོ་བོད་པ་ལའང་ཕྱོགས་གང་ཅིའི་ཐད་ནས་ཡོད་བསམ་པ་ཞིག་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

2 thoughts on “གཞས་པ་གཞས་མ་ཚོས་ཁ་དང་རྐང་ལག་འགུལ་ཙམ་བྱས་ནས་ལྟད་མོ་བར་མགོ་སྐོར་མ་གཏོང་ཨཱ།

  1. གླུ་གཞས་སྒྱུ་རྩལ་བ་རྣམ་གླིང་བློ་བརྟན་ལགས་ཀྱིས་སོ་སོའི་ཉིན་རེ་འཚོ་བའི་ནང་བོད་དོན་ཡིད་ལ་འཁོར་ནས་ལས་འགུལ་ཆེ་ཆུང་སྣ་ཚོགས་སྤེལ་བར་སྙིང་ནས་ཡི་རང་དང་། བསྔགས་བརྗོད་ཞུ་བཞིན་ཡོད། ཁྱེད་ཀྱིས་ད་བར་ལས་གང་སྤེལ་བ་དེས་བོད་དོན་ལ་ཕན་མེད་ནའང་གནོད་སྐྱེལ་མེད་པའི་ཡིད་ཆེས་བྱེད་ཆོག་པ་རེད། སྐབས་དོན། ད་ལེན་ཀྱིས་འཁྲབ་པའི་བལྟད་མོ་དེའི་མིང་དེ་དང་བལྟད་མོའི་ནང་དོན་གཉིས་རྩ་ནས་མིང་དོན་མཚུངས་པ་ཞིག་མ་རེད། ད་ཐོག་ཁྱེད་ཀྱི་བོད་དོན་དྲིལ་བསྒྲགས་ཀྱི་གློག་བརྙན་༼བོད་ཀྱི་དཔའ་རྟུལ༽ཞེས་པ་དེ་གོ་དུས། ངའི་ཚོད་དཔག་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ལོ་རྒྱུས་ཀྱི་བལྟད་མོ་ཞིག་གམ། རང་ལུས་མེ་བསྲེགས་བཏང་མཁན་གྱི་དཔའ་བོ་དཔའ་མོ་བརྒྱ་ཕྲག་རྣམ་གང་རུང་མཚོན་པའི་བལྟད་མོ་ཞིག་ཡིན་ཤག་བྱས་ནས་ལྟ་འདོད་ཞེ་དྲག་བྱུང་། འོན་ཀྱང་། ལྟད་མོ་བལྟས་རྗེས་༼བོད་ཀྱི་དཔའ་རྟུལ་༽གྱི་མཚོན་དོན་ནི་བློ་བརྟན་རྣམ་གླིང་སོ་སོ་རང་ལ་གོ་ཐབས་བྱས་འདུག་ན་ནི་ཧ་ཅང་མ་འོས་པ་ཞིག་རེད། བོད་ཀྱི་འདས་མ་ད་གསུམ་གྱི་དཔའ་ཕོ་མོ་ཚོ་ལ་ངོ་ཚ་གནོང་མགྱོད་སྐྱེད་དགོས་པ་ཞིག་ཆགས་ཡོད། དེ་སྔོན་རྡ་ས་བལྟད་མོ་དུས་སྟོན་སྐབས་ཁྱེད་ཀྱིས་ལྟད་མོའི་མིང་དེ་ལ་མི་མང་ནས་ཡི་མ་རང་བའི་བསམ་ཚུལ་ཤུགས་ཆེན་བྱུང་སྐབས་ཁྱེད་ཀྱིས་གསལ་བཤད་གནང་དོན་ལ། Tibetan Warrior ཞེས་པ་ནི་ང་བོད་ཀྱི་དཔལ་བརྡུལ་རང་ལ་མ་གོ་ནའང་མཐབ་རྩོད་ཞིག་ལ་གོ་བའི་ཕྱིར་དུ་བརྟགས་ཚུལ་གྱིས་གཡོལ་ཐབས་བྱས་འདུག་པ་དེ་ཨེ་བདེན་ནམ། གལ་ཏེ་ཀྱེད་ཀྱིས་བོད་མཐབ་རྩོད་པ་ཟེར་བརྟགས་དགོས་ན་བོད་དབྱིན་གཉིས་ཐད་ནསTibetan Activist ༼བོད་ཀྱི་མཐབ་རྩོད་པ༽ཞེས་ཟེར་ན་མི་ཆོག་གམ། ལན་ཡོད་ན་གནང་རོགས་ཞུ།

    1. རྣམ་གླིང་བློ་བསྟན་

      གོང་གི་བསམ་ཚུལ་འམ་དྲི་བ་དེར་ལན་རྒྱབ་མ་རྒྱབ་དོག་པ་བྱུང་ཡང་། ཕྲན་གི་བསམ་ཚུལ་འམ་ལེན་ལ།

      ༡ དངོས་བྱུང་རློག་བརྙན་དེ་བཟོ་མཁན་ཕྲན་བློ་བསྟན་མ་ཡིན།
      ༢ དེའི་ཐ་སྙད་དེའང་ཕྲན་ནས་རྟགས་པ་ཞིག་མ་ཡིན།
      Tibetan warrior ཞེས་པ་དེ་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རང་ལ་གོ་བ་མ་རྟོག་ཕྲན་ལ་གོ་གི་མེད་པ་དི་གསལ་པོ་རེད་།
      འོན་ཀྱང་དེ་བལྟ་ཕྱོགས་དང་བལྟ་མཁན་སོ་སོའི་སྐུལ་ལོང་ལ་རག་ལུས་པ་རེད་། རློག་བརྙན་བཟོ་པ་པོ་Dodo Hunziger ང་གཉིས་དབར་ཐ་སྙད་རྟགས་ཆོག་ཐོག་རྕོད་པ་ཤུགས་ཆེ་བྱུང་། ཁྱེད་ཀིྱ་གོང་དུ་བཤད་པའི་རྒྱུ་མཚན་དེ་དག་ཡང་ཁྲན་ནས་མཐའ་གཅིག་ཏུ་བཤད་ཀྱང་མཐར་ཁོ་རང་ཐོབ་སོང་། གང་ལྟར་ཐ་སྙད་ལ་བོད་ཀྱི་དཔའ་བརྡུལ་འམ་བོད་ཀྱི་བོང་གུ་རྟགས་པ་ལ་ཁྱད་པར་གང་ཡང་མེད། ད་ལྟའི་ཆར་བོད་ནང་གི་གནས་སྟངས་རྫ་གྲགས་དེ་གསལ་ཐབས་བྱ་རྒྱུ་ཡིན་པས། ཐབས་ཤེས་གང་འདྲ་ཅི་བྱས་ནས་འཛམ་གླིང་ནང་བོད་ཀྱི་བདེན་སྤེལ་རྒྱུ་དེ་རྕོ་བོ་རེད་བསམ་ཀྱི་འདུག།