བྱང་ཀོ་རི་ཡར་ཚོང་འབྲེལ་བྱ་མི་རུང་།

 

བྱང་ཀོ་རི་ཡས་ཡང་རླུང་འབར་རྫས་བཟོ་སྐྲུན་དང་ཚོད་ལྟ་བྱས་པ་དེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་འགོག་རྒོལ་གྲོས་ཆོད་ཁག་རྩིས་མེད་རྡོལ་རོལ་བཏང་བ་རེད་ཟེར།

 

Part-HKG-Hkg10242988-1-1-0དེ་རིང་ཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༧ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཇོན་ཀི་རེ་ (John Kerry) ལགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞིག་ཞུས་ཡོད་པའི་ནང་། ད་ཕན་རྒྱ་ནག་གིས་བྱང་ཀོ་རི་ཡ་དང་ཚོང་འབྲེལ་བྱེད་མི་རུང་བ་མ་ཟད། རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟའི་གནད་དོན་ཐད་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་ཡོད་འདུག

 

དེ་ཡང་ཨ་རིའི་གཞུང་གིས་ཨེ་རན་རྒྱལ་ཁབ་ཀྱི་རྡུལ་ཕྲན་འགོག་རྒོལ་ལས་རིམ་ཐད་དོ་སྣང་ཤུགས་ཆེན་བྱེད་བཞིན་པའི་སྒང་ལ། བྱང་ཀོ་རི་ཡས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཡང་རླུང་འབར་རྫས་ (H-bomb) ཞེས་པའི་རྡུལ་ཕྲན་གསར་བཟོ་དང་ཚོད་ལྟ་བྱས་པར་ཨ་རིའི་གཞུང་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་དངངས་འཚབ་ཆེན་པོ་བཟོས་ཡོད་པ་དང་། ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཇོན་ཀི་རེ་ལགས་ཀྱིས་རྒྱ་ནག་གཞུང་ལ། བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟ་བྱས་པ་དེས་བྱང་ཀོ་རི་ཡའི་མཛའ་འབྲེལ་རྒྱལ་ཁབ་ཁག་ལའང་རྩོད་རྙོག་བསླངས་ཡོད་སྐོར་བརྗོད་འདུག

 

ཕྱི་ཚེས་ ༧ ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཇོན་ཀི་རེ་ལགས་ཀྱིས། ངས་གསལ་བོར་ཞུ་རྒྱུར། འཛམ་གླིང་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་གནད་དོན་འདི་ཉིན་གཅིག་ལའང་སྣང་མེད་དུ་བསྐྱུར་ཡོད་པ་མ་རེད་ཅེས་དང་། ཡང་ཁོང་གིས་ཁ་པར་སྐུད་ལམ་ནས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཟེར་བར་བརྗོད་དོན། རྒྱ་ནག་གཞུང་གིས་ཤེས་གསལ་ལྟར། བྱང་ཀོ་རི་ཡས་རྡུལ་ཕྲན་བཟོ་སྐྲུན་དང་ལག་ལེན་བྱ་འདོད་ལ་ང་ཚོས་མོས་མཐུན་དང་བརྩི་མཐོང་བྱས་ཀྱང་། དེ་རིང་ངས་རྒྱ་ནག་གཞུང་ལ་གསལ་བོར་ཞུ་རྒྱུ་ཞིག་ལ། ང་ཚོས་འདི་ལྟར་བྱས་པས་མི་ཕན་ཏེ། ད་ཕན་ང་ཚོས་བྱང་ཀོ་རི་ཡར་ཚོང་འབྲེལ་བྱ་མི་རུང་། ཞེས་སོགས་བརྗོད་འདུག

 

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཟེར་བ་དེས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བརྟན་ལྷིང་དང་ཞི་བདེ་ཡོང་ཐབས་སུ། བྱང་ཀོ་རི་ཡའི་རྡུལ་ཕྲན་སྔོན་འགོག་ཐད་རང་ནུས་ཡོད་རྒུ་འདོན་རྒྱུ་ཡིན་ལུགས་བཤད་འདུག་ལ། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཅེས་པའི་དྲ་ཚིགས་སྟེང་། གལ་ཏེ་ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱིས་བྱང་ཀོ་རི་ཡའི་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མ་བཏང་བ་ཡིན་ན། རྒྱ་ནག་གཅིག་པུས་བྱང་ཀོ་རི་ཡའི་རྡུལ་ཕྲན་འགོག་རྒོལ་བྱ་རྒྱུ་ནི་འཕྲུལ་སྣང་ཡིན་ལུགས་འཁོད་འདུག

 

གནས་ཚུལ་ལྟར་ན། ༢༠༠༦ ལོ་ནས་ད་ལྟའི་བར་བྱང་ཀོ་རི་ཡས་སྔ་རྗེས་སུ་རྡུལ་ཕྲན་རིགས་མི་འདྲ་བ་ཐེངས་ ༤ ལ་བཟོ་སྐྲུན་དང་ཚོད་ལྟ་བྱས་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ལག་འགྲུབ་བྱུང་བའི་རྡུལ་ཕྲན་དེ་ནི་བྱང་ཀོ་རི་ཡས་ཡང་རླུང་འབར་རྫས་ (hydrogen bomb) རིགས་ཤིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད་ནའང་། འཛམ་གླིང་རྒྱལ་ཁབ་ཁག་གིས་དེ་ནི་རྡུལ་ཕྲན་རིགས་གཞན་ཞིག་ཡིན་པ་དང་། བྱང་ཀོ་རི་ཡས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་གཏན་འགོག་གྲོས་ཆོད་ཁག་རྩིས་མེད་རྡོག་རོལ་བཏང་བའི་སྐྱོན་བརྗོད་གནང་མུས་ཡིན་ཞིང་། ནེའུ་དུས་བབ་གསར་ཁང་གིས་སྤེལ་བའི་དཔྱད་རྩོམ་ཞིག་གི་ནང་། ཕྱི་ལོ་ ༢༠༠༣ ལོ་ནས་ད་ལྟའི་བར་བྱང་ཀོ་རི་ཡས་སྔ་རྗེས་སུ་རྡུལ་ཕྲན་རིགས་མི་འདྲ་བ་ཁག་ ༡༠ ནས་ ༡༦ གསར་བཟོ་དང་ཚོད་ལྟ་བྱས་ཡོད་པ་མ་ཟད། བྱང་ཀོ་རི་ཡས་ད་ལོ་གཅིག་པུར་འབར་རྫས་དང་མེ་ཤུགས་འཕུར་མདེལ་སོགས་རྡུལ་ཕྲན་མཚོན་ཆ་ཁག་ ༢༠ བཟོ་བསྐྲུན་དང་མཁོ་འཚོང་བྱས་ཏེ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་འཇིག་ཉེན་བསླང་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

 

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༦/༠༡/༠༨

Leave a Reply