ཚ་འདེད་གཏོང་བའི་ལོ་ཡིན།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

 
ཉིས་སྟོང་བཅོ་ལྔ་ལབ་གླེང་དང་འཁོན་འཛིང་གི་ཁྲོད་ནས་ཕར་བསྐྱལ། ཉིས་སྟོང་བཅུ་དྲུག་རེ་བ་དང་སྨོན་འདུན་གྱི་ཁྲོད་ནས་ཚུར་བསུས། མི་ཚང་མས་རང་རང་གི་བྱ་བར་བསྡོམས་བརྒྱབ་སྟེ། བཀྲ་ཤིས་ལོ་ལེགས་ཤིག་ལ་རེ་བ་རྒྱག་བཞིན་པའི་སྐབས་འདིར། བོད་ཀྱི་དུས་བབ་གསར་ཁང་གིས་ཀྱང་ཉིས་སྟོང་བཅོ་ལྔ་ལོའི་བོད་ཕྱི་ནང་གཉིས་དང་རྒྱལ་སྤྱི། རྒྱ་ནག་སོགས་ཀྱི་གནས་ཚུལ་ཕྱོགས་བསྡོམས་བྱས། འདས་པའི་ལོ་ཤས་དང་བསྡུར་ན་ཕར་སྐྱེལ་བཞིན་པའི་ཉིས་སྟོང་བཅོ་ལྔ་ལོ་ནི་རྒྱལ་སྤྱིའི་ཐོག་ཧ་ཅང་དཀའ་ཚེགས་དང་རྙོག་གྲ་ཆེ་ཤོས་ཀྱི་ལོ་ཞིག་ཆགས་ཡོད་ཀྱང་། ལྟོས་ས་ལྟོས་འཇོག་གིས་རྒྱ་ནག་དང་བོད་ནང་ཅུང་གུ་ཡངས་དང་ཞི་འཇགས་ཀྱི་རྣམ་པ་ཕྲན་ཙམ་ཐོན་པའི་ལོ་ཞིག་ཆགས་འདུག

 
བོད་ཕྱོགས་ནས་བཤད་ན། ཉིས་སྟོང་བརྒྱད་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་བོད་མི་ ༣༠༠ ལྷག་གི་ཚེ་སྲོག་ཤོར་ཡོད། ༢༠༠༩ ལོར་བཀྲ་བྷེ་ལགས་ཀྱིས་ལྕགས་ཡོས་བཙན་རྒོལ་མེ་ལྕེ་སྤར་བ་ནས་བཟུང་སྟེ། བོད་ནང་རང་སྲེག་གི་རླབས་རྒྱུན་དྲག་པོ་ཞིག་མཐོ་ནས་མཐོ་རུ་འཕྱུར། ༢༠༡༡ ལོར་བོད་ནང་རང་སྲེག་གནང་མཁན་ ༡༢ དང་ ༢༠༡༢ ལོར་ ༨༥ བྱུང་ཡོད། གྲངས་ཚད་འདི་ནི་འཛམ་གླིང་གི་ཐབས་རྩོད་ལོ་རྒྱུས་ཁྲོད་ཀྱི་ཚད་མཐོ་ཤོས་དེ་ཆགས་ཡོད། ༢༠༡༣ ལོར་རང་སྲེག་གནང་མཁན་ ༢༦ དང་ ༢༠༡༤ ལོར་ ༡༡ བྱུང་སྟེ། ཅུང་མར་ཆགས་ཀྱི་པའི་རྣམ་པ་ཐོན། ཕར་སྐྱེལ་བཞིན་པའི་ ༢༠༡༥ ལོར་རང་སྲེག་གནང་མཁན་ ༧ བྱུང་ཞིང་། ད་ལོའི་ཕྱི་ཟླ་དགུ་པ་ནས་ཞི་འཇགས་ཀྱི་རྣམ་པ་མངོན་གསལ་ཆགས།

 
ད་ལོར་རྒྱ་ནག་གཞུང་གིས་ཀྱང་རྒྱལ་དམངས་ལ་འཛིན་པའི་སྲིད་བྱུས་དང་། ཡང་སྒོས་བོད་དང་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་ལྡོག་གི་རྣམ་པ་ཕྲན་ཙམ་ཐོན། འཆར་ལྡན་བུ་སྐྱེས་སྲིད་བྱུས་གུ་ཇེ་ཡངས་སུ་བཏང་བ་དང་། རྒྱ་ནག་གཞུང་གི་དྲག་ཆས་དམག་མི་ཉུང་དུ་བཏང་བ་སོགས་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་ལ་འཕོ་འགྱུར་ཕྱིན་པ་རེད། པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་། རྒྱལ་མཚན་ནོར་བུས་བོད་པའི་གྲྭ་བཙུན་གྱི་གྲངས་ཚད་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་གླེང་བ་དང་། བྱམས་པ་ཕུན་ཚོགས་ཀྱིས་རྒྱ་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་མཐོང་ཆུང་དང་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གནད་དོན་གླེང་བ་འདི་དག་ནང་དོན་དང་རྣམ་པ་གཉིས་ཀ་གསར་པ་རེད།

 
ཚུར་བསུ་བཞིན་པའི་ཉིས་སྟོང་བཅུ་དྲུག་ལོ་འདིར་སྔར་ལས་ཀྱང་བློ་སྟོབས་ཆེན་པོ་དང་། ཆོད་སེམས་བརྟན་པོས་མདུན་སྐྱོད་བྱས་ཏེ། ད་ལྟའི་རྒྱ་ནག་གཞུང་འོག་གི་མི་མང་ཡོངས་ལ་འཛམ་གླིང་མི་མང་ལྟར། རང་དབང་དང་འདྲ་མཉམ། ཞི་བདེ་དང་འཚེ་བ་མེད་པའི་འཚོ་བར་ལོངས་སྤྱོད་དང་། བོད་དང་ཡུ་གུར་སོག་པོ་སོགས་ཀྱི་གནད་དོན་ཐོག་དངོས་སུ་ལག་པ་འཆིང་བའི་ལོ་དེ་ཡིན། འདི་ནི་ཕྱི་ལོ་གསར་པའི་ཁ་གཡང་ཙམ་མིན་པར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་འདས་པའི་ལོ་ངོ་གསུམ་གྱི་ལས་དོན་གྲུབ་འབྲས་དང་། མ་འོངས་སྲིད་བྱུས་འཛིན་སྟངས་སོགས་ལས་མཐོང་ཐུབ་པའི་གདམ་ག་མེད་པའི་ལམ་ཁ་དེ་རེད།

 
ཉིས་སྟོང་བཅུ་དྲུག་ལོ་འདི་དྷ་རམ་ས་ལར་མཚོན་ནའང་ཧ་ཅང་གནད་འགག་གི་ལོ་ཞིག་ཡིན། བཀའ་ཤག་དང་གྲོས་ཚོགས་འཕོ་འགྱུར་འགྲོ་བཞིན་ཡོད་ལ། སྲིད་བྱུས་དང་ལས་གཞི་མང་པོ་ཞིག་གསར་དུ་རྩོམ་བཞིན་ཡོད། མི་མང་གི་རེ་བཅོལ་དང་ཡིད་ཆེས་ཀྱི་ཁྲོད་དུ། མི་ཚང་མས་འདས་ལོའི་རྙོག་གླེང་དང་ཞེ་འཁོན། འཐེན་འཁྱེར་དང་འགྲན་རྩོད་ཡོངས་རྫོགས་རྒྱབ་ཏུ་དོར་ཏེ། ཆིག་སྒྲིལ་དང་མཛའ་བརྩེ། དཀྱིལ་ཡངས་དང་ཕུགས་བསམ་བརྟན་པོས་མདུན་སྐྱོད་བྱེད་པའི་ལོ་ཡིན། ཉིས་སྟོང་བཅུ་དྲུག་ལོ་འདི་པེ་ཅིན་གཞུང་དང་དྷ་སའི་གཞུང་གཉིས་ཀར་གོ་སྐབས་ཀྱི་ལོ་ཞིག་དང་། གཞུང་གཉིས་ཀྱི་མི་མང་གིས་དབུ་ཁྲིད་ཚོར་ཚ་འདྲི་དང་ཚ་འདེད་བཏང་སྟེ། རེ་སྒུག་དང་ཡིད་ཆེས་ལ་མཐའ་ཚིག་སྒྲོག་པའི་ལོ་ཡིན།།

བསྐྱར་བཅོས།: ༢༠༡༦/༠༢/༡༧

Leave a Reply