བོད་པ་ཚང་ལ་ཅི་ཞིག་ལྷག་ཡོད།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

 
དེ་རང་ཡང་བསྐྱར་དབུ་མ་དང་རང་བཙན་བཤད་དགོས་བྱུང་། དེ་ལངས་ཕྱོགས་གཅིག་ལ་རྩོད་པ་རྒྱག་འདོད་དང་སྐྱོན་བརྗོད་བྱེད་འདོད་མིན། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་རྩོད་པ་ཤུགས་ཆེན་པོ་རེད། གནས་ཚུལ་འདིར་ཆབ་སྲིད་པ་རེ་འགའ་ཐུགས་རྒྱས་བཞིན་ཡོད་སྲིད་ཀྱང་། ང་ལ་གནས་ཚུལ་དེ་མཐོང་བཞིན་དུ་ཁ་རོག་གེར་སྡོད་པའི་སྤོབས་པ་མ་བྱུང་། རྙོག་གྲ་འདི་ཇི་ལྟར་བྱུང་བ་རེད། ངོ་བོ་གང་འདྲ་རེད། བོད་སྤྱི་བར་ཁེ་ཕན་འདུག་གམ་གྱོང་འདུག རྩོད་ཉོག་འདི་ཇི་ལྟར་སེལ་དགོས་པ་རེད། འདི་དག་ཐོག་ངས་བསམ་བློ་མང་པོ་བཏང་པ་ཡིན།

 
དབུ་མ་དང་རང་བཙན་གཉིས་ཀྱི་གནས་སྐབས་ཀྱི་དམིགས་ཡུལ་ཐ་དད་རེད། དམིགས་ཡུལ་མཐར་ཐུག་བོད་ཀྱི་དཀའ་རྙོག་སེལ་རྒྱུ་གཅིག་པ་རེད། ཕྱོགས་གཉིས་ཀས་བོད་པའི་སྤྱི་དོན་ལ་རྩོད་པ་རྒྱག་གི་ཡོད་པའང་འདྲ་མཚུངས་རེད། འོན་ཀྱང་རྩོད་པ་རྒྱག་མཁན་ཁྲོད་ན། མགོ་འཚོས་ནས་རྩོད་པ་རྒྱག་མཁན་དང་། མགོ་མ་འཚོས་ནས་རྩོད་པ་རྒྱག་མཁན། མགོ་འཚོས་ལ་མ་འཚོས་བར་ནས་རྩོད་པ་རྒྱག་མཁན། སོ་སོར་ཁེ་ཕན་གང་དུ་ཡོད་ན་དེའི་རྗེས་སུ་རྒྱུག་ནས་རྩོད་པ་རྒྱག་མཁན་སོགས་བྱུང་སྟེ། བོད་དོན་སྒྲུབ་ཕྱོགས་ཀྱི་ཐབས་ཤེས་ཟུང་འཇུག་གི་གདམས་པ་འདི་རྦད་དེ་བརྫད་སོང་།

 
དབུ་མའི་ལམ་འདི་ཐོག་མ་༧གོང་ས་མཆོག་གིས་དགོངས་འཆར་བསྩལ། དམངས་གཙོའི་འགྲོ་སྟངས་ལྟར་བོད་མི་མང་གིས་རྒྱབ་སྐྱོར་ཐོབ། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་རེད། སྲིད་བྱུས་འདི་ཐོག་མར་བྱུང་སྐབས་མི་མང་པོ་ཞིག་གིས་འདང་མ་ཕོག་པ་དང་བློ་ངོར་མ་ཤོང་བའི་གནས་ཚུལ་བྱུང་ཡོད། དེ་འབྱུང་སྲིད་པ་ཞིག་དང་བྱུང་དགོས་པ་ཞིག་ཀྱང་ལོས་ཡིན། དབུ་མའི་ལམ་འདི་བོད་པའི་ལོ་རྒྱུས་ཀྱི་བློས་གཏོང་ཆེན་པོ་ཞིག་རེད། མི་སྒེར་སོ་སོའི་ལོ་རྒྱུས་དང་ཁེ་ཕན་ལའང་འབྲེལ་བ་ཡོད་པ་ཞིག་རེད། གནས་སྟངས་དེའི་འོག་ནས་མི་སྐོར་ཞིག་གིས་ཐོག་མའི་རང་བཙན་ལངས་ཕྱོགས་མུ་མཐུད་ནས་རྒྱུན་འཁྱོངས་བྱས་པ་རེད།

 
ཉིས་སྟོང་གཉིས་ལོའི་མི་མང་ལ་དབང་བའི་བཀའ་བློན་ཁྲི་པའི་རྐུབ་སྟེགས་ལ་འགྲན་རྩོད་བྱས་རྗེས། བོད་དོན་སྒྲུབ་ཕྱོགས་ཀྱི་དབུ་མ་དང་རང་བཙན་འདི་ཆབ་སྲིད་ལོག་སྤྱོད་པ་རེ་འགའི་སྒེར་དོན་འཁོན་རྩོད་ཀྱི་ལག་ཆ་ཞིག་ཆགས་སོང་། སྤྱི་ཚོགས་ནང་དུའང་སོ་སོའི་ལངས་ཕྱོགས་སོ་སོས་ཐག་གཅོད་བྱེད་པ་ལས། སྒང་གི་མི་རེ་གཉིས་ཀྱི་བཤད་སྤྱོད་ལ་བལྟས་ཏེ་ཐག་གཅོད་བྱེད་མཁན་ཇེ་མང་དུ་ཕྱིན། བོད་པའི་རྩ་དོན་ལས་རང་ཕྱོགས་ལུང་ཚན་གཙོ་བོར་འཛིན་པ་དང་གནས་ལུགས་རྒྱུ་མཚན་ལས་དད་པ་དག་སྣང་གཙོ་བོར་འཛིན་པའི་མི་རབས་དེ་བྱུང་།

 
གནས་སྟངས་དེས་ཆབ་སྲིད་ལོག་སྤྱོད་པ་དག་ལ་སྔར་ལྷག་གི་གདེང་ཚོད་དང་བློ་ཁོག་སྦྱིན། རྩ་དོན་ལངས་ཕྱོགས་དེ་སྒེར་གྱི་ཁེ་ཕན་དང་སྒེར་གྱི་ཞེ་འཁོན་རྩོད་པའི་གོ་སྐབས་ཡག་ཤོས་ཆགས་ཏེ། གཏིང་ཟབ་ས་དང་རྒྱ་ཆེ་ས་ནས་ནང་འཁྲུག་གི་གཡུལ་བཤམས། མང་ཚོགས་དཀྱུས་མ་ཚོས་ཆབ་སྲིད་པ་དེ་དག་གི་དམིགས་འབེན་མ་རྟོགས་པར། ཕྱོགས་གཉིས་སུ་གྱེས་ཏེ་རྩོད་པ་བརྒྱབ། ཕན་ཚུན་གྱི་སྐྱོན་མཚང་སྔོག་རེས་བྱས། རླབས་ཆེ་བའི་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་མེ་ཆུ་ལྟར་འགལ་བར་བརྩིས། རང་བཙན་པ་དང་དབུ་མ་བ་ཚོ་ཕན་ཚུན་དགྲ་གྲོགས་ལྟ་བུའི་འདུ་གཤིས་བཟུང་།

 
ད་ལྟ་དབུ་མ་དང་རང་བཙན་བར་གྱི་རྩོད་པ་འདི་ཆོལ་ཁའི་བར་གྱི་རྩོད་གཞི་ལྟ་བུ་ཞིག་དང་། གཞུང་དང་མི་མང་བར་གྱི་རྩོད་གཞི་ལྟ་བུ་ཞིག ༧གོང་ས་མཆོག་དང་ཆབ་སྲིད་པ་རེ་འགའི་བར་གྱི་རྩོད་གཞི་ལྟ་བུ་ཞིག རྒྱ་ཕྱོགས་དང་བོད་ཕྱོགས་བར་གྱི་རྩོད་གཞི་ལྟ་བུ་ཞིག་ཆགས་ཏེ། བོད་པའི་འཐབ་རྩོད་ཀྱི་སྲོག་ཤིག་ལྟ་བུའི་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། གཞིས་བཞུགས་མི་མང་དང་རྒྱལ་གཅེས་དཔའ་བོ་དཔའ་མོ། བོད་པའི་སྤྱི་ཚོགས་ནང་གི་བླ་སྤྲུལ་དགེ་བཤེས་དང་ཤེས་ལྡན་མི་སྣ་ཡོངས་རྫོགས་ལ་ཟུར་ཟ་དང་། ཚིག་མཚོན་འདེབས་རེས་བྱས་སོང་བས་ད་ནི་བོད་པ་ཚང་ལ་ཅི་ཞིག་ལྷག་ཡོད།

བསྐྱར་བཅོས།: ༢༠༡༦/༠༢/༡༧

Leave a Reply