སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།

 

བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་པའི་སྐབས་འདིར། འདི་གའི་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཀྱིས། སྲིད་སྐྱོང་འོས་མི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ལ། མ་འོངས་སྲིད་སྐྱོང་གི་ལས་འཆར་དང་འབྲེལ་བའི་ཐོག་ཐུན་མོང་གི་དྲི་བ་ ༡༠ རེ་དང་། མཇུག་ཏུ་སྒེར་སོ་སོའི་གནད་དོན་བྱེ་བྲག་པ་དང་འབྲེལ་བའི་ཐོག་དྲི་བ་ ༥ རེ་བཅས་ཁྱོན་དྲི་བ་ ༡༥ རེ་བཏང་ཡོད། ཟླ་འདིའི་ཚེས་ ༩ ཉིན་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།(འོས་མི་གཉིས་ཀྱི་བཅར་འདྲི་སྤེལ་ཡུལ་ཆུ་ཚོད་ ༡༢ ནང་བརྗེ་བོ་རྒྱག་རྒྱུ་ཡིན།)

 

IMG_5306དྲི་བ། བོད་མའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཟེར་ན་འདྲ། སྒྲིག་འཛུགས་གྲུབ་སྟངས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་དང་། བཅོས་བསྒྱུར་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ། ཡོད་ན་གང་དག་ལ་བསྒྱུར་བཅོས་བཏང་སྟེ། གང་འདྲ་ཞིག་བཟོ་དགོས་པར་མཐོང་གི་ཡོད།

 

ལན། བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་འཛུགས་གྲུབ་སྟངས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་སྒྲོམ་གཞི་བཟོས་བཞག་ཡོད་པ་དེ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་དགོས་པ་མཐོང་གི་མེད། ཡིན་ནའང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་གསོལ་སྩལ་གནང་རྗེས། རྒྱལ་ཁབ་དབུ་ཁྲིད་ཀྱི་གོ་ཡུལ་མེད་པ་ཆགས་པ་ལ་བརྟེན་ནས། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ལས་བསྡོམས་སྙན་ཞུ་ག་བར་འབུལ་དགོས་ཀྱི་ཡོད་མེད་ལ་སོགས་པའི་དཀའ་ངལ་ཕྲན་བུ་འཕྲད་ཀྱི་ཡོད། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་ཐོག་ ༡༩༧༠།༨༠ ནང་ནས་བཟུང་མང་ཚོགས་ནང་བསམ་ཚུལ་བྱུང་ཡོད་པ་དང་། སྔོན་ཆད་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དང་། དམིགས་བསལ་ཚོགས་ཆེན་ནང་དུའང་དགོངས་ཚུལ་མང་པོ་བྱུང་བ་རེད། ཡིན་ནའང་ད་ལྟའི་གནས་སྟངས་ཀྱི་ཆ་ནས་འགྱུར་བ་དེ་རིགས་ལས་སླ་པོར་གཏོང་ཐུབ་ཀྱི་རེད་བསམ་གྱི་མི་འདུག འཛིན་སྐྱོང་གི་སྒྲིག་འཛུགས་གྲུབ་སྟངས་ཀྱི་ཐོག་ལ་འགྱུར་བ་གཏོང་དགོས་པ་ཁག་ཅིག་ཏན་ཏན་མཐོང་གི་འདུག དཔེར་ན། དྲིལ་བསྒྲགས་རྒྱ་ཡིག་སྡེ་ཚན་ལྟ་བུར་མཚོན་ན་ལས་བྱེད་ཁ་ཤས་ལས་ཡོད་པ་མ་རེད། དེ་ཡར་རྒྱས་སུ་བཏང་སྟེ་དྲུང་ཆེའི་གནས་རིམ་གྱི་སྡེ་ཚན་ཞིག་བཟོ་དགོས་ཀྱི་འདུག ནང་སྲིད་ལྟ་བུར་མཚོན་ན། གཞིས་ཆགས་ཁག་༤༥ ཙམ་ལ་ལྟ་དགོས་ཀྱི་ཡོད་པ་རེད། ལས་དོན་གཞི་རྒྱ་ཆེན་པོ་ཞེ་དྲགས་རེད། ད་ལྟ་དྲུང་ཆེ་གཅིག་མ་གཏོགས་ཡོད་པ་མ་རེད། དེ་ལ་དྲུང་ཆེ་འཕར་མ་ཞིག་བསྐོས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་གི་ན་གཞོན་ལ་ལྟ་སྐྱོང་དང་། འབྲེལ་འདྲིས་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག

 

ད་ལྟའི་སྲིད་བྱུས་ཉམས་ཞིབ་ཁང་ལྟ་བུར་མཚོན་ན་ངོ་བོ་གསལ་བོ་ཡོད་པ་མ་རེད། ཚོགས་པ་ཁག་གིས་སྐད་གཏོང་སྐབས་མང་ཚོགས་ཀྱིས་གཞུང་གི་མི་སྣ་རེད། ཁོ་རང་ཚོས་གང་བཤད་པ་དེ་གཞུང་གི་སྲིད་བྱུས་ལ་ངོས་འཛིན་གནང་གི་ཡོད་པ་རེད། སྐད་ཆ་བཤད་མཁན་ཁོ་རང་ཚོས་ངོས་ནས་རང་དབང་ཡིན་གསུང་གི་ཡོད་པ་རེད། སྔོན་མ་བཀའ་དྲུང་ཡིག་ཚང་ནང་ཆབ་སྲིད་དྲུང་ཆེ་ཞིག་ཡོད་པ་རེད། དེ་བསྐྱར་དུ་བསྐོ་བཞག་བྱས་ཏེ་ཆབ་སྲིད་དྲུང་ཆེ་དེའི་འོག་ཏུ་སྲིད་བྱུས་ཉམས་ཞིབ་ཁང་བཞག་པ་ཡིན་ན། ཉི་མ་རེ་རེའི་བོད་དང་རྒྱ་ནག རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་ག་རེ་ཆགས་ཀྱི་འདུག དེ་དག་ལ་བརྟག་ཞིབ་བྱས་ཏེ་སྲིད་སྐྱོང་ཞོགས་པ་ལས་ཁུངས་ལ་ཕེབས་མ་ཐག་ཆབ་སྲིད་དྲུང་ཆེ་དེས་གནས་ཚུལ་ཁག་སྲིད་སྐྱོང་ལ་སྙན་གསེང་ཞུ་དགོས་པ་དང་། སྲིད་སྐྱོང་དང་བཀའ་ཤག་གིས་ཉི་མ་དེའི་ལས་ཀ་ཨང་དང་པོ་ཆབ་སྲིད་ཐོག་ག་རེ་གནང་དགོས་ཀྱི་འདུག་དེ་ཐག་གཅོད་དགོས་ཀྱི་འདུག དེ་བཞིན། ཆོས་རིག་ལས་ཁུངས་ལ་ལས་ཀ་གཞི་རྒྱ་ཆེན་པོ་མང་པོ་ཞིག་གནང་རྒྱུ་འདུག་བསམ་གྱི་ཡོད། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚོ་དང་གྲོས་བསྡུར་གནང་སྟེ། སློབ་གྲྭའི་གུང་གསེང་སྐབས་དང་བསྟུན་དགོན་སྡེ་ཁག་གིས་བོད་པའི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་དང་སྦྱོང་བརྡར་གྱི་ལས་གཞི་ཞིག་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད།

 

གཞན། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ཞིག་ཆབ་སྲིད་ཆགས་བསྡད་ཡོད་པ་རེད། མིའི་ནུས་པ་དང་དཔལ་འབྱོར་སོགས་ཤུགས་ཆེ་ཤོས་དེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐོག་གཏོང་དགོས་པ་རེད། ད་ལྟའི་ཆར་བོད་རྒྱའི་བར་འབྲེལ་བ་བྱེད་མཁན་གྱི་སྐུ་ཚབ་བསྐོ་ཐུབ་ཡོད་པ་མ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཟེར་བ་དེའང་མི་ཉུ་ཤི་རྩ་གྲངས་ཤིག་ཆགས་ཏེ་ཚོགས་ཆེན་འདྲ་བོ་ཞིག་ཆགས་ཡོད་པ་རེད། ད་ལྟའི་གནས་སྟངས་ལ་བལྟས་ཡོང་ན་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་སྐད་ཆ་བཤད་འདོད་མེད་པ་གསལ་བོ་རེད། རྩ་བའི་༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་གསོལ་སྩལ་གནང་ཚར་བ་རེད་དེ། སྐུ་མདུན་ལ་དགོངས་སྐོར་ཞུས་པའི་ཐོག་ནས་སྐུ་ཚབ་བསྐོ་གཞག་གིས་བོད་རྒྱའི་གནད་དོན་ཐོག་ཐུགས་འགན་བཞེས་སུ་བཅུག་པ་ཡིན་ན་འབབ་ས་ཞིག་ལ་འབབ་ཐུབ་པ་རེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུའི་སྐབས་སུ་ངེས་པར་དུ་བཀའ་བློན་རྣམ་པ་མཉམ་ཞུགས་གནང་དགོས་ཀྱི་འདུག བཀའ་བློན་རྣམ་པས་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་གསལ་བོར་མཁྱེན་དགོས་པ་གལ་ཆེན་པོ་རེད།

 

དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བདག་ཉེར་བྱེད་སྟངས་འདི་རྒྱ་གར་ལ་དཔེ་བལྟས་ཡོད་པ་རེད། རྒྱ་གར་གྱི་འགྲོ་སྟངས་དེ་སྔོན་མའི་དབྱིན་གཞུང་གི་འགྲོ་སྟངས་རེད། འགྲོ་སྟངས་འདི་ལ་དགེ་དང་སྐྱོན་གང་དག་ཡོད། ཁྱོད་ཀྱིས་སྐྱོན་ཆ་དེ་དག་ཇི་ལྟར་སེལ་རྒྱུ་ཡིན།

 

ལན། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ལ་དཔེ་བལྟས་ཡོད་པ་རེད། ཡིན་ནའང་རྒྱ་གར་གྱི་འགྲོ་སྟངས་དང་གཅིག་པ་གཅིག་རྐྱང་མ་རེད། རྒྱ་གར་གཞུང་ལ་ལས་བྱེད་ཀྱི་དབྱེ་བ་གསུམ་ཡོད་པ་རེད། (indian foreign service) དེ་དག་ཕྱི་རྒྱལ་ལ་འབྲེལ་བ་བྱེད་མཁན་རེད། གཙོ་བོ་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་ཏུ་བསྐོ་བཞིན་ཡོད་པ་རེད། གཉིས་པ། (indian administrator service) ཟེར་བ་དེ་རྒྱ་གར་ནང་གི་འཛིན་སྐྱོང་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་རེད། གསུམ་པ། (Indian police service) ཟེར་བ་དེ་སྤྱི་ཚོགས་བདེ་འཇགས་འགན་སྲུང་བྱེད་མཁན་གྱི་ཉེན་རྟོག་པ་རེད། སྔོན་མ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐབས་ལ། ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག་དང་། སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག་ལ་ཆེད་ལས་ཀྱི་ལས་བྱེད་བསྐོ་གཞག་གནང་རྒྱུ་དགོངས་པ་ཞིག་བཞེས་ཡོད་པ་རེད། ཡིན་ནའང་ཏག་ཏག་ཅིག་ཡོང་ཐུབ་ཡོད་ས་མ་རེད།

 

སྤྱིར་བཏང་ལས་བྱེད་བདག་གཉེར་ཟེར་དུས། ལས་བྱེད་བསྐོ་གཞག་དང་། ལས་འགན་བཀོད་སྒྲིག མཐུན་རྐྱེན་སྦྱོར་རྒྱུུ། ལས་བྱེད་པའི་ནུས་རྩལ་གོང་སྤེལ་སོགས་ཀྱི་ཐོག་ནས་བལྟ་དགོས་ཀྱི་ཡོད་རེད། མ་འོངས་པར་ལས་བྱེད་གསར་པ་བསྐོ་བཞག་བྱེད་སྐབས། ཡིག་རྒྱུགས་ཚད་ལྡན་ཞིག་གཏོང་ཐབས་དང་། ལས་བྱེད་ནང་ཚུད་ཚར་བའི་རྗེས་ལ་སྦྱོང་བརྡར་ཡག་པོ་ཞིག་སྤྲོད་དགོས་པ་གལ་ཆེན་པོ་རེད། དཔེར་ན། དབུས་ཀྱི་ལས་ཁུངས་ཁག་ཏུ་ལས་བྱེད་ཅིག་བཀོད་སྒྲིག་བྱེད་དགོས་པ་ཡིན་ན། སྔོན་ལ་ས་གནས་ཁ་ཤས་ནང་བཏང་སྟེ་ཉམས་མྱོང་ཡག་པོ་ཞིག་བསགས་དགོས་ཀྱི་འདུག དེ་བཞིན། ད་ལྟ་དབུས་ན་ཕྱག་ལས་གནང་བཞིན་པ་ཚོའང་དུས་ནས་དུས་སུ་རྒྱ་གར་གྱི་སློབ་གྲྭ་ཚད་ལྡན་དེ་འདྲའི་ནང་ཟབ་སྦྱོང་ལ་གཏོང་རྒྱུ་དང་། ལྷག་པར་དུ་རྩིས་པ་ཚང་མར་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་འདུག ད་སྔ་ལས་ཁུངས་སོ་སོའི་ནང་ཡིན་ན་རེད། རྩིས་ཞིབ་སྙན་ཐོའི་ནང་ཡིན་ན་རེད་རྩིས་ཉོག་ཡོང་ས་གཙོ་བོ་ཞིག་ལས་ཁོངས་སོ་སོའི་རྩིས་པའི་ཐོག་ནས་བྱུང་འདུག

 

དེ་ནས་གྲངས་ཐོ་ཚད་ལྡན་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ང་སྲིད་སྐྱོང་ཆགས་པ་ཡིན་ན་ཐོག་མའི་ཟླ་བ་གསུམ་ནང་ལ། དབུས་བོད་མིའི་སྒྲིག་འཛུགས་ནས་བཟུང་སྟེ་རང་སྐྱོང་དང་ཟུར་སྐྱོང་སྡེ་ཚན་ཁག་གི་ལས་འབོར་ལ་ཉམས་ཞིབ་བྱས་ཏེ་གྲངས་ཐོ་ཚད་ལྡན་ཞིག་བཟོ་ཐུབ་པ་བྱེད་རྒྱུ་ཡིན། ད་ལྟའི་གནས་སྟངས་ཙམ་མ་རེད་མ་འོངས་པའི་ལོ་ལྔ་དང་བཅུའི་ནང་འཕར་ཆག་གང་འདྲ་ཡོང་མིན་ལའང་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་རྒྱུ་ཡིན། དེ་བཀའ་ཤག་སྐབས་བཅོ་ལྔ་པ་ཙམ་མ་རེད་མ་འོངས་པར་ཡང་ཕན་ཐོགས་ཆེན་པོ་ཡོད་པའི་ལས་དོན་ཞིག་ཆགས་བསྡད་པ་རེད།

 

ང་རང་གི་རྩ་བའི་ལྟ་གྲུབ་འདྲ་བོ་དེ་དངོས་ཡོད་གནས་སྟངས་ལ་གཞི་འཛིན་གྱི་ཡིན་ཟེར་གྱི་ཡོད་པ་རེད། དངོས་ཡོད་གནས་སྟངས་ལ་གཞི་འཛིན་པར་དང་པོ་དངོས་ཡོད་གནས་སྟངས་ལ་ཉམས་ཞིབ་ཚད་དང་ལྡན་པ་ཞིག་བྱས་ཏེ། དངོས་ཡོད་གནས་སྟངས་གང་ཡིན་པ་དེ་གསལ་བོར་ཤེས་དགོས་ཀྱི་ཡོད་པ་རེད། སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས་བཀའ་ཤག་གི་སྲིད་བྱུས་ལངས་ཕྱོགས་འདི་ཡིན་ཞེས་གསལ་གསལ་ཐིང་ཐིང་ཞིག་བཟོ་རྒྱུ་ཡིན། ལངས་ཕྱོགས་གསལ་ལ་མ་གསལ་ལ་ཞིག་བྱས་བསྡད་ན་མང་ཚོགས་ནང་འཁྲུག་ཐེབས་ཀྱི་ཡོད་པ་རེད། སྲིད་བྱུས་ལངས་ཕྱོགས་གསལ་བོ་བཟོས་པའི་ཐོག་ནས་ལས་དོན་བྱེད་ཕྱོགས་དྲང་པོ་དྲང་བཞག མངོན་ལྐོག་ཕྱོགས་ལྷུང་མེད་པ་ཞིག་བྱེད་རྒྱུ་ཡིན། ཁ་ནས་སྙན་པོ་ཞིག་བཤད་དེ་ལག་ལེན་གཞན་ཞིག་བསྟར་བསྡད་ན་སྤྱི་བར་གྱོང་ཕོག་གི་ཡོད་པ་རེད་ལ། མ་མཐར་སྒེར་གྱི་བཟང་སྤྱོད་ཀྱི་ཐོག་ནས་ཀྱང་ཏག་ཏག་བསྡད་ཡོད་པ་མ་རེད། དྲང་བདེན་ཕྱོགས་ལྷུང་མེད་པའི་ཐོག་ནས་ལས་དོན་གང་བྱས་པ་དེར་གྲུབ་འབྲས་ཐོན་པ་དང་ཕན་ཐོགས་ཡོད་པ་ཞིག་བྱ་རྒྱུ་ཡིན། དེ་དག་བཞི་དེ་ངའི་རྩ་བའི་ལྟ་གྲུབ་འདྲ་བོ་དེ་ཡིན།

 

parliamentདྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རིམ་པ་དང་། དེ་ལས་དམའ་བའི་ལས་བྱེད་ཚོས་འཛིན་སྐྱོང་གི་ཐག་གཅོད་གང་དག་གནང་ཆོག་གི་ཡོད་པ་དང་། གལ་སྲིད་ཁྱེད་རང་སྲིད་སྐྱོང་ཆགས་ན་དབང་ཚད་ག་འདྲ་ཞིག་སྤྲོད་འཆར་ཡོད་དམ།

 

ལན། ཁྲིམས་དང་སྒྲིག་གཞི་དེ་ཚོའི་ནང་དུ་དབང་ཚད་འདི་ཡིན་ཟེར་ནས་གསལ་བོ་ཡོད་པ་མ་རེད། ད་ལྟའི་ཆ་ལ་དབང་ཆ་ཚང་མ་བཀའ་ཤག་གིས་གཅིག་སྡུད་བྱས་ཡོད་པ་རེད། བཀའ་ཤག་ནས་ཀྱང་སྲིད་སྐྱོང་རང་གིས་གནང་བསྡད་པ་མ་གཏོགས་དྲུང་ཆེ་རིམ་པར་དབང་ཚད་ཆུང་ཆུང་ལས་མེད་པའི་སྐད་ཆ་ཡོང་གི་འདུག ངས་ལས་བྱེད་ཚོ་འཛིན་སྐྱོང་གི་སྒལ་ཚིགས་རེད་ཅེས་བཤད་ཀྱི་ཡོད། བཀའ་ཤག་དང་བཀའ་བློན་རྣམ་པར་ལས་བྱེད་པས་མཐུན་འགྱུར་མེད་ན་ལས་ཀ་གང་ཡང་བྱེད་ཐུབ་ཀྱི་མ་རེད། ལས་དོན་འགན་ཁུར་གཙོ་བོ་བཀའ་བློན་དང་བཀའ་ཤག་ནས་ལེན་དགོས་ཀྱི་རེད། ཡིན་ནའང་དྲུང་ཆེ་དང་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ཚོར་ལས་བགོས་ཚད་དང་ལྡན་པ་བརྒྱབ་པ་ནང་བཞིན་འགན་དབང་བསྐུར་ཐུབ་པ་ཡིན་ན། ལས་དོན་གྲུབ་འབྲས་ཡག་པོ་ཡོང་གི་རེད་བསམ་གྱི་ཡོད།

 

ལས་བྱེད་ཚོར་གནས་སྤོ་ལྟ་བུར་མཚོན་ན། སྔོན་མ་ལས་བྱེད་གནས་སྤོ་དེ་དྲུང་ཆེ་རིམ་པའི་ཚོགས་ཆུང་ཞིག་གི་ཐོག་ནས་ཐག་གཅོད་གནང་གི་ཡོད་པ་རེད། ད་ལྟ་ཐད་ཀར་བཀའ་ཤག་གིས་གནང་གི་ཡོད་སྟབས་འགྲིག་དང་མ་འགྲིག་བྱུང་ན་རིམ་པ་གོང་མ་ཞིག་ལ་ཞུ་ས་ཡོད་པ་མ་རེད། དེར་བརྟེན་སྔོན་མའི་འགྲོ་སྟངས་དེ་བསྐྱར་གསོ་བྱེད་དགོས་ཀྱི་འདུག དེ་ནས་འཛིན་སྐྱོང་སྒྲིག་གཞིའི་ནང་དོན་གཅོད་ཁག་གི་ལས་དོན་ཡོངས་རྫོགས་ཕྱི་དྲིལ་བཀའ་བློན་བརྒྱུད་ནས་བཀའ་ཤག་ལ་ཡོང་དགོས་ཀྱི་ཡོད་ཀྱང་། ད་ལྟ་ཨ་རི་དང་རྒྱ་གར་ལ་སྲིད་སྐྱོང་གིས་ཐད་ཀར་གནང་གི་ཡོད་པ་རེད། ཕྱི་དྲིལ་བཀའ་བློན་ལ་འབྲེལ་བ་མེད་པ་བཟོས་ཡོད་ས་རེད། སྲིད་སྐྱོང་དང་བཀའ་བློན་ཚོ་འཕོ་འགྱུར་འགྲོ་བཞིན་ཡོད་པ་རེད། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་དེར་ཕྱི་དྲིལ་དྲུང་ཆེ་དང་ལས་ཁུངས་ནས་རྒྱུས་མེད་ཆགས་སོང་བ་ཡིན་ན་སྒྲིག་འཛུགས་ཀྱི་དྲན་ཤེས་ (institutional memory) ཟེར་བ་དེ་ཤུལ་དུ་འཇོག་ཐུབ་ཀྱི་ཡོད་པ་མ་རེད། དེ་འཇོག་མ་ཐུབ་པ་ཡིན་ན་སྒྲིག་འཛུགས་ཀྱི་ལས་ཀ་བྱེད་ཕྱོགས་ཐོག་ལ་དཀའ་ངལ་དང་འཐུས་ཤོར་ཆེན་པོ་ཡོང་གི་རེད།

 

གཞུང་གི་རྩ་བའི་སྲིད་བྱུས་ལངས་ཕྱོགས་དང་། ལས་ཁུངས་རེ་རེའི་ལས་འཆར་དང་དམིགས་ཚད་སོགས་ཁ་གསལ་བོ་ཞིག་ལམ་སྟོན་གནང་བ་ཡིན་ན། མགོ་དྲུང་ཆེ་རིམ་པ་ནས་བཟུང་དབང་ཚད་ཁྱབ་བསྒྱུར་དེ་ཏག་ཏག་འགྲོ་ཐུབ་ཀྱི་ཡོད་པ་རེད། སྤྱིར་བཏང་ལས་བྱེད་ཀྱི་གྲུབ་སྟངས་དེ་དྲུང་ཆེ་ནས་གཞོན་དྲུང་བར་དུ་ཨེ་ཇེབ་ཀྱི་གཏོར་གཟུགས་མཆོད་རྟེན་བཟོ་འདྲ་བོ་ཞིག་དགོས་ཀྱི་ཡོད་རེད། དེ་འདྲའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་ལ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ཟེར་གྱི་ཡོད་པ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐབས་སུ་གྲུབ་སྟངས་ཚད་ལྡན་ཞིག་ཡོང་བ་ལ་འབད་བརྩོན་གནང་འདུག་ཀྱང་། ད་ལྟ་གཏོར་གཟུགས་མཆོད་རྟེན་དེ་མགོ་རྔ་ཕྲ་བོ་རྐེད་པ་སྦོམ་པོ་ཁྱད་མཚར་ཞིག་ཆགས་བསྡད་ཡོད་པ་རེད།

 

དྲི་བ།  ༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡོང་ཐབས་ལ་ག་རེ་གནང་འཆར་ཡོད་པ་དང་། གནས་ཚུལ་ག་རེ་ཡིན་ཡང་འབྱུང་སྲིད་སྟབས། གལ་སྲིད། གློ་བུར་དུ་དགོངས་པ་རྫོགས་པ་ལྟ་བུའི་ཛ་དྲག་གི་གནས་ཚུལ་དེ་འདྲ་བྱུང་ན་ག་རེ་གནང་འཆར་ཡོད།

 

ལན།  སྤྱིར་བཏང་༧གོང་ས་མཆོག་གི་མཛད་འཆར་ཏོག་ཙམ་ཉུང་འཕྲི་དང་། སྐུ་ངལ་མང་ཙམ་གསོ་རྒྱུར་གསོལ་འདེབས་ཞུ་རྒྱུ་དེ་བཀའ་ཤག་གི་ལས་འགན་ཞིག་ཆགས་ཀྱི་ཡོད་པ་རེད། སྤྱི་ཚོགས་ནང་དང་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནང་༧གོང་ས་མཆོག་ཐུགས་སུན་པོ་དང་དགོངས་པ་མ་དཀྲུག་པ་ཞུ་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད་བསམ་གྱི་འདུག དེའི་སྟེང་ལ་ལས་དོན་ག་རེ་བྱས་པ་ཡིན་ན་ཁོང་གི་དགོངས་གཞི་དང་མཐུན་པ་གནང་རྒྱུ་དེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཆགས་ཡོང་གི་རེད། དེ་ལྟར་གནང་ན་ནོར་འཁྲུལ་ཡང་ཡོད་པ་མ་རེད། དེ་ང་ཚོས་འདས་པའི་ཉམས་མྱོང་ལ་བལྟས་ཡོང་ལ་གསལ་བོར་རྟོགས་ཐུབ་པ་ཞིག་རེད། ལྷག་པར་དུ་ལོ་ངོ་ཉི་ཤུ་སུམ་ཅུའི་གོང་ལ་བཀའ་གནང་བཞག་པ་དག་ད་ལྟ་གཞི་ནས་མིག་ནང་ལ་ཤར་ནས་ཡོང་གི་ཡོད་པ་དེའི་ཐོག་ནས་ཤེས་ཐུབ་པ་ཞིག་རེད།

 

ད་དུང་བཀའ་ཤག་སྐབས་འགའ་ཤས་རིང་༧རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་སྟངས་སྡུག་པོ་དེ་འདྲ་ཡོང་གི་རེད་བསམ་གྱི་མེད། ལྷ་དང་བླ་མའི་ལུང་བསྟན་ཡིན་ན་རེད། ༧རྒྱལ་བ་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་བཀའ་གནང་བ་ལྟར་དགུང་ལོ་ ༡༡༣ ལ་བཞུགས་རྒྱུའི་ཞལ་བཞེས་ཡོད་པ། དེ་ལ་ང་ཚོ་ཚང་མས་ཡིད་ཆེས་ཀྱང་ཞུ་ཆོག་གི་རེད་བསམ་གྱི་ཡོད། དེ་ནས་གྲོས་ཚོགས་ནང་གླེང་སློང་དང་འབྲེལ་བའི་ཐོག་ནས་བཅར་བའི་སྐབས་སུའང་བོད་དོན་བདེན་མཐའ་གསལ་བའི་བར་ངའི་མི་ཚེས་འདང་གི་རེད་གསུངས་ཡོད་པ་རེད། གལ་སྲིད་ཛ་དྲག་གི་གནས་ཚུལ་དེ་འདྲ་བྱུང་བ་ཡིན་ན་སྲིད་སྐྱོང་ཙམ་མ་རེད། བོད་གཞིས་བྱེས་གཉིས་ཀྱི་མང་ཚོགས་ཚོས་ག་རེ་གནང་དགོས་ཀྱི་འདུག ཧི་མ་ལ་ཡའི་རི་རྒྱུད་ཡོངས་དང་སོག་པོ། རྒྱ་ནག རྒྱལ་སྤྱིའི་ཐོག་གི་བོད་རྒྱུད་ནང་བསྟན་ལ་འབྲེལ་བ་ཡོད་མཁན་ཡོངས་རྫོགས་ལ་འགན་ཆེན་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག

 

དྲི་བ། ད་ལྟ་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་བར་གྱི་རྩོད་པ་དང་། ཆོལ་ཁ་ཆོས་ལུགས་བར་གྱི་འབྲེལ་བ་ཅུང་མགོ་ཉོག་པོ་ཆགས་ཡོང་གི་འདུག སྐུ་ཉིད་སྲིད་སྐྱོང་ཆགས་པ་ཡིན་ན། རང་བཙན་དང་དབུ་མ་མཐུན་ཐབས་དང་། ཆོལ་ཁ་གསུམ་རྡོག་རྩ་གཅིག་བསྒྲིལ་ཡོང་ཐབས་ལ་ག་རེ་གནང་རྒྱུ་ཡིན།

 

ལན། ཆོལ་ཁ་ཆོས་ལུགས་ཐོག་༧གོང་ས་མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུའི་རིང་སྐུ་ངལ་བསྐྱོན་པའི་བཀའ་དྲིན་གྱིས་ང་ཚོ་ཡག་ཐག་ཆོད་ཆགས་བསྡད་ཡོད་པ་རེད། ད་ལྟ་འོས་བསྡུའི་སྐབས་ལ་འཐེན་འཁྱེར་བཟོ་འདྲ་བོ་ཏོག་ཙམ་ཡོང་གི་འདུག་ཀྱང་། ང་རང་གི་རེ་བར་འོས་བསྡུ་ཚར་བའི་རྗེས་ལ་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་མཉམ་སྤུངས་ཡོང་གི་རེད་བསམ་གྱི་ཡོད། དེ་མ་བྱུང་བ་ཡིན་ན་ང་ཚོ་སུ་ལའང་ཕན་ཐོགས་གང་ཡང་ཡོད་པ་མ་རེད། ང་ཚོའི་ཁ་གཏད་ལ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། གལ་སྲིད་མ་འོངས་པར་ང་སྲིད་སྐྱོང་ཆགས་པ་ཡིན་ན། ངས་ཨང་དང་པོ་བོད་པ་ནང་ཁུལ་མཐུན་པོ་དང་རྡོག་རྩ་གཅིག་བསྒྲིལ་ཡོང་ཐུབ་དེ་གཙོ་བོར་འཛིན་རྒྱུ་ཡིན། ནང་བཀྲ་མ་ཤིས་ན་ཕྱི་དགྲ་མི་འཐུལ་ཟེར་བ་ལྟར། ང་ཚོ་འཐབ་རྩོད་བྱེད་མཁན་ཞིག་གི་ངོས་ནས་བཤད་ན་རྡོག་རྩ་གཅིག་བསྒྲིལ་དེ་ལག་ཆ་ཨང་དང་པོ་ཆགས་ཀྱི་ཡོད་པ་རེད།

 

ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་ཀྱི་ཐད་ནས་མ་མཐུན་པ་ཕྱོགས་གཉིས་ཀས་ང་ཚོའི་ཁ་གཏད་སུ་ཡིན་པ་ངོ་ཤེས་པ་དང་། ཕན་ཚུན་གཉིས་ཀའི་ལངས་ཕྱོགས་དེ་རྩ་དོན་གཅིག་གི་ཆེད་དུ་ཡིན་པ་ཧ་གོ་བ་བྱས་ན་དཀའ་ངལ་ཡོད་པ་མ་རེད་བསམ་གྱི་འདུག གལ་སྲིད་ང་སྲིད་སྐྱོང་ཆགས་པ་ཡིན་ན། ལྟ་བ་ལངས་ཕྱོགས་མི་འདྲ་བ་དང་། ཚོགས་པ་སྒྲིག་འཛུགས་ཚང་མ་གདན་འདྲེན་ཞུས་ཏེ། ཕན་ཚུན་ལ་གོ་བ་ལོག་པ་དག་ལ་གསལ་བཤད་དང་སྲིད་བྱུས་ལངས་ཕྱོགས་ཐད་བསམ་ཚུལ་བརྗེ་ལེན་བྱེད་དུ་འཇུག་རྒྱུ་ཡིན། ད་དུང་ལས་འགུལ་སྤེལ་སྐབས་ཀྱང་མཉམ་ཞུགས་བྱེད་མིན་སོ་སོས་ཐག་གཅོད་རྒྱུ་རེད། མཉམ་ཞུགས་བྱས་ཚར་བའི་རྗེས་ལ་ཕན་ཚུན་ལ་བརྡབ་གསིག་མི་གཏོང་རྒྱུ་གལ་ཆེན་པོ་རེད།

 

ད་ལྟ་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་འཇགས་ཀྱི་དཀའ་ངལ་ཆེ་ཤོས་དེ་དོལ་རྒྱལ་རྗེས་འབྲང་པ་དེ་ཚོ་རེད། ༸རྒྱལ་བའི་སྐུ་ཕྱཱ་ལ་ཉེན་ཁ་ཆེ་ཤོས་ཀྱང་དོལ་ཕྲུག་ཚོ་རེད། དོལ་ཕྲུག་ཚོས་རྒྱ་ནག་གཞུང་དང་ལག་འབྲེལ་བྱེད་ཀྱི་ཡོད་པ་གསལ་པོ་རེད། དེང་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གནང་ས་ཚང་མར་དོལ་ཕྲུག་ཚོས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་པ་རེད། འཛིན་སྐྱོང་གི་ངོས་ནས་དོལ་རྒྱལ་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་། དོལ་ཕྲུག་ཚོའི་བྱ་སྤྱོད་ངོ་མ་གསལ་བསྒྲགས་བྱ་རྒྱུ་གལ་ཆེན་པོ་རེད། དོལ་ཕྲུག་ཚོས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་ན་གནས་ཡུལ་རྒྱལ་ཁབ་ནང་ཁྲིམས་གཏུགས་བྱེད་དགོས་པ་སོགས་འཛིན་སྐྱོང་ངོས་ནས་བྱེད་དགོས་ཀྱི་རེད། ཡིན་ནའང་དོལ་རྒྱལ་རྗེས་འབྲངས་པའི་གནོན་ཤུགས་དང་མགོ་སྐོར་འོག་ཚུད་མཁན་ཚོར་གོ་བསྐོན་སློབ་གསོ་བྱེད་རྒྱུ་ཡང་གལ་ཆེན་པོར་མཐོང་གི་ཡོད།

 

དྲི་བ། གཞིས་ཆགས་སྲ་བརྟན་ཟེར་ནས་བོད་མི་ཚོ་གཞིས་ཆགས་ནང་སྡོད་རྒྱུ་གཅིག་པུར་བསམ་བློ་མི་གཏོང་བར། དེ་ལས་གཞན། བོད་མིའི་ནུས་པ་མཉམ་སྤུངས་ཡོང་ཐབས་དང་། བོད་པའི་སྐད་ཡིག་རིག་གཞུང་དང་། བོད་མིའི་ངོ་བོ་རྒྱུན་འཛིན་ཡོང་ཐབས་བཅས་ཀྱི་ཆེད་དུ། ཕྱི་རྒྱལ་ཁག་དང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་སོགས་ལ་དམིགས་ཏེ། འཆར་གཞི་གསར་པ་དེ་འདྲ་ཡོད་དམ།

 

ལན། གཞིས་ཆགས་སྲ་བརྟན་ཟེར་དུས་ད་ལྟ་གནས་སྟངས་གང་ཡོད་ལ་སྐྱོར་རྒྱག་རྒྱུ་བཟོ་འདྲ་ཞིག་མ་གཏོགས་ནང་དོན་མེད་སྟབས། ངས་གཞིས་ཆགས་ཡར་རྒྱས་ཞེས་ཟེར་གྱི་ཡོད། གཞིས་ཆགས་ཡར་རྒྱས་ལས་གཞིའི་ཐོག བཀའ་ཤག་ཏུ་ནང་སྲིད་དང་ཤེས་རིག འཕྲོད་བསྟེན་བཅས་ཀྱི་བཀའ་བློན་རྣམ་པ་ལས་གྲུབ་པའི་གཞིས་ཆགས་ཡར་རྒྱས་ཚོགས་ཆུང་ཞིག་བཙུགས་ཏེ། ཐོག་མའི་ཟླ་བ་གསུམ་རིང་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་ཁྱོན་ཡོངས་ཀྱི་གནས་སྟངས་ལ་ཞིབ་འཇུག་ཚད་ལྡན་བྱེད་ཀྱི་ཡིན། དེ་དང་མཉམ་དུ་གཞིས་ཆགས་སོ་སོར་གཞིས་ཆགས་ཡར་རྒྱས་འཆར་འགོད་ཚོགས་ཆུང་རེ་བཙུགས་ཏེ། ཚོགས་ཆུང་དེའི་ནང་ས་གནས་མགོ་འཛིན་དང་ས་གནས་འཐུས་ཚོགས། མཉམ་འབྲེལ། དགོན་སྡེ་དང་སློབ་གྲྭ་སོགས་ནས་མི་འགྲོ་འདེམས་སྒྲུག་བྱས། གཞིས་ཆགས་ནང་ལས་གཞི་ག་རེ་སྤེལ་དགོས་ཀྱི་ཡོད་ན་ཡར་རྒྱས་ཚོགས་ཆུང་ནས་འཆར་གཞི་ཕུལ་བ་ཡིན་ན། ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་དང་། ས་བགོས་སྤྱི་འཐུས་རྣམ་པར་གོ་བསྡུར་གནང་སྟེ་གཞིས་ཆགས་ཡར་རྒྱས་ཚོགས་ཆུང་ནས་བསྐྱར་ཞིབ་གནང་། དེ་ནས་བཀའ་ཤག་ནས་ལོ་ལྔ་ཚན་གྱི་འཆར་གཞི་གཏན་འབེབས་གནང་རྩིས་ཡིན། དེ་བཞིན་ཡར་རྒྱས་ཚོགས་ཆུང་ནས་ལོ་རེ་བཞིན་གཞིས་ཆགས་སོ་སོའི་གནས་སྟངས་གྲངས་ཐོ་ཁ་སྣོན་བྱས་ཏེ་རྩིས་ལོ་སོ་སོའི་ལས་འཆར་བཟོ་དགོས། དེ་ནས་རྒྱ་གར་གྱི་གྲོང་ཁྱེར་ཁག་ལ་ལས་ཀ་བྱེད་དུ་འགྲོ་བ་དང་། ཕྱི་རྒྱལ་ལ་འགྲོ་བ་སོགས་འགོག་ཐབས་ཡོད་པ་མ་རེད། ད་ཐབས་ཤེས་ག་རེ་ཡོད་པ་རེད་ཟེར་ན། ལུས་པོ་ཁ་གྱེས་ནས་འགྲོ་བཞིན་ཡོད་ཀྱང་སེམས་པ་གཞི་གཅིག་ཏུ་བསྒྲིལ་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག་བསམ་གྱི་ཡོད། ཕྱི་རྒྱལ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་། བོད་ཡིག་སློབ་གྲྭ་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་རོགས་རམ་གནང་རྒྱུ་གལ་ཆེན་པོ་ཆགས་འདུག དཔལ་འབྱོར་གྱི་ཐད་ནས་རོགས་རམ་ཁག་པོ་རེད་དེ་ཤེས་ཡོན་དང་ཐབས་ལམ། སྒྲིག་འཛུགས་ཀྱི་ཐོག་ནས་ནུས་པ་འདོན་ཐུབ་པ་མང་པོ་ཡོད་པ་རེད། དཔེར་ན། ཕྲུ་གུར་སློབ་དེབ་སོགས་སློབ་གསོ་སྤྲོད་ཐབས་ཀྱི་ཅ་དངོས་དང་། བརྡ་འཕྲིན་བརྒྱུད་ལམ་སོགས་བརྒྱུད་དེ་སློབ་གསོ་སྤྲོད་ཐབས་སོགས་ཡོད་པ་རེད།

 

དྲི་བ།  ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་ད་བར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་རྐྱང་རྐྱང་བྱས་པ་རེད། འདས་པའི་ལོ་ངོ་  ༦༠ ཉེ་བའི་རིང་བཟང་ངན་གཉིས་ཐད་ནས་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་རེད། སྐུ་ཉིད་ཀྱིས་བཟང་ཕྱོགས་ཀྱི་འགྱུར་བ་གང་དག་མཐོང་གི་ཡོད།

 

ལན། ཁ་ཐུག་གིས་བལྟས་ན་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་བགྲང་རྒྱུ་ཡོད་པ་རེད། ཡིན་ནའང་ཞིབ་ཚགས་མོ་བྱས་ཏེ་བལྟས་ན་སྐྱོན་ཆ་མང་པོ་ཞིག་ཡོད་པ་རེད། ལྷག་པར་དུ་བོད་ཀྱི་ཁོར་ཡུག་དང་། ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཐོག་མཇུག་འབྲས་དང་ཕུགས་ཀྱི་དམིགས་ཡུལ་དེ་ཡག་པོ་རང་མེད་བསྡད་པ་མང་པོ་ཞིག་ཡོད་པ་རེད་བསམ་གྱི་འདུག དཔལ་འབྱོར་གྱི་གནས་སྟངས་གང་འཚམ་ཡར་རྒྱས་ཕྱིན་ཡོད་པ་དེ་ངོས་ལེན་བྱེད་དགོས་པ་ཞིག་རེད། དེ་བཞིན་ཤེས་ཡོན་སློབ་གསོའི་མཐུན་རྐྱེན་ཡང་སྔོན་མ་ལས་ཡག་ཏུ་བཏང་ཡོད་པ་དངོས་ཡོད་རེད། འཛུགས་སྐྲུན་ཤུགས་ཆེན་པོ་བྱས་ཡོད་ཀྱང་དེའི་སྟེང་གི་ཁེ་ཕན་བོད་པ་ལས་རྒྱ་ནག་ལ་མང་བ་ཐོབ་ཀྱི་ཡོད་པ་རེད། དེ་ནས་ཁོར་ཡུག་ལྟ་བུར་མཚོན་ན་གཏོར་བཤིག་དང་སྲུང་སྐྱོབ་གཉིས་མཉམ་དུ་འགྲོ་བསྡད་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་གི་ལྟ་གྲུབ་གཞིར་བཟུང་མ་འོངས་པར་བོད་ནང་གི་གནས་སྟངས་དངོས་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་རྒྱུ་དང་། བཟང་ན་བཟང་བ་དང་ངན་ན་ངན་པ་དེ་ཁ་གསལ་བོའི་ཐོག་ནས་བཤད་རྒྱུ་གལ་ཆེན་པོ་རེད།

 

དྲི་བ།  གཞིས་བཞུགས་རྒྱ་ཆེའི་མི་མང་འདས་གསོན་ཡོངས་ཀྱི་རེ་བ་ཆེ་ཤོས་དེ་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་རྒྱུ་དེ་རེད། གལ་སྲིད་རྒྱ་ནག་གིས་༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་འཇུག་རྒྱུར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོངས་སུ་རྫོགས་པ་སྒོ་རྒྱག་དགོས་པའི་ཆ་རྐྱེན་བཏོན་ན་ཁྱེད་ལ་དེའི་ཐད་བསམ་འཆར་གང་འདྲ་ཡོད།

 

ལན། བོད་ཀྱི་དཀའ་རྙོག་མ་སེལ་བར་༧གོང་ས་མཆོག་བོད་དུ་ཕེབས་པའི་སྐད་ཆ་དེ་ཡོང་ཐུབ་ཁག་པོ་རེད། ༧གོང་ས་མཆོག་རྒྱ་ནག་ནང་གནས་གཟིགས་ལྟ་བུ་ཕེབས་པའི་གོ་སྐབས་བྱུང་བ་ཡིན་ན་དེ་ནི་གནས་ཚུལ་ཁ་ཁ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བཀའ་ཤག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་ནག་གཞུང་ལ་ཕུལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལ་བཟང་པོའི་བརྡ་ལན་སྤྲད་མེད། གལ་སྲིད་བོད་རྒྱ་དབར་འབྲེལ་མོལ་ཞིག་མཐུད་ཐུབ་པ་ཡིན་ན་སྐད་ཆ་ཞིག་ཡོང་གི་རེད། རྩ་བའི་བོད་ནང་གི་བོད་མི་ཚོའི་ངོས་ནས་༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་འཐོབ་རྒྱུའི་རེ་ལྟོས་ཤུགས་ཆེན་ཞུ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ཡང་། ཁོང་ཚོས་༧གོང་ས་མཆོག་བོད་ནང་ཕེབས་རྒྱུ་གཅིག་པུའི་ཆེད་དུ་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་དགོས་པའི་ཆ་རྐྱེན་འདོན་གྱི་མ་རེད་བསམ་གྱི་འདུག གལ་སྲིད་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུ་གཅིག་པུའི་ཆེད་དུ་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་དགོས་པ་རེད་ཟེར་ན་ང་ཚོས་རྩ་བ་ཉིད་ནས་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད། ཡིན་ནའང་བོད་ཀྱི་གནད་དོན་དེ་དབུ་མའི་ལམ་གྱི་ཐོག་ནས་འགྲིག་འཇགས་བྱུང་སྟེ་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཞབས་སོར་འཁོད་ཐུབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། སྒོ་རྒྱག་པ་ལ་དཀའ་ངལ་གང་ཡང་མེད།

 

དྲི་བ། སྐུ་ཉིད་ཀྱིས་དམངས་གཙོའི་ལམ་སྲོལ་འདི་གལ་ཆེ་ལུགས་གང་འདྲར་མཐོང་གི་ཡོད་པ་དང་། གལ་སྲིད་བོད་རྒྱ་འབྲེལ་མོལ་ཟེར་ན་འདྲ་གྲོས་མོལ་ཟེར་ན་འདྲ། བོད་རྒྱ་གཉིས་ཅོག་ཙེ་གཅིག་གི་སྟེང་སྐད་ཆ་བཤད་པའི་གོ་སྐབས་རེག་པའི་ཉིན་མོ་དེར། རྒྱ་ནག་གཞུང་ཕྱོགས་ནས་མ་འོངས་པར་བོད་ནང་དམངས་གཙོའི་ལམ་སྲོལ་འདི་སྤེལ་མི་ཆོག་པའི་ཆ་རྐྱེན་བཏོན་པ་ཡིན་ན། དེ་ལ་ཐག་གཅོད་གང་འདྲ་ཞིག་གནང་འཆར་ཡོད།

 

ལན། ང་ཚོའི་དམངས་གཙོའི་ལམ་སྲོལ་འདི་༧གོང་ས་མཆོག་གིས་རྒྱལ་སྲིད་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་ནས་དགོངས་པར་ཡོད་པ་ཞིག་དང་། ལྷག་པར་དུ་ཁོང་རྒྱ་གར་ནང་ལ་གཟིགས་སྐོར་དུ་ཕེབས་པའི་རྗེས་ལ་དམངས་གཙོར་སྔར་ལས་ཐུགས་མོས་ཆེན་པོ་གནང་ཡོད། ང་ཚོ་བཙན་བྱོལ་ནང་བསླེབས་མ་ཐག་དཀའ་ངལ་དེ་འདྲ་མང་པོ་ཞིག་ལ་གདོང་ལེན་གནང་སྟེ་དམངས་གཙོའི་ལམ་སྲོལ་འདི་བཙུགས་པ་རེད། བོད་མིའི་སྒྲིག་འཛུགས་ཡར་རྒྱས་ཚགས་ཚུད་འབྱུང་བའི་སྲོག་རྩ་བཟོ་འདྲ་དེ་དམངས་གཙོའི་ལམ་སྲོལ་འདི་རེད།

 

གལ་སྲིད་བོད་རྒྱ་འགྲིག་འཇགས་བྱུང་སྟེ་བོད་པར་རང་སྐྱོང་གི་གནས་བབ་ཅིག་རག་པ་ཡིན་ན། དེའི་མགོ་ཁྲིད་དེ་ད་ལྟའི་རྒྱ་ནག་དམར་ཤོག་གི་སྲིད་དབང་གཅིག་སྡུད་ཀྱི་ལམ་སྲོལ་ལྟར་བསྐོ་བཞག་བྱེད་ཐབས་ཡོད་པ་མ་རེད། དམངས་གཙོའི་ལམ་སྲོལ་ཐོག་ནས་བདམས་ཏེ་ཡོང་གི་རེད། སྔོན་མ་སྐུ་ཚབ་ཚོ་རྒྱ་ནག་ལ་ཕྱིན་སྐབས་ཀྱང་། རྒྱ་ནག་གཞུང་གིས། ད་ཁྱོད་རང་ཚོས་བོད་ནང་དམར་ཤོག་མི་དགོས་ཟེར་གྱི་ཡོད་པ་རེད་ཅེས་ལབ་སྐབས། ང་ཚོའི་ཕྱོགས་ནས་དམར་ཤོག་ཚོགས་པའང་བོད་ནང་དུ་ཚོགས་པ་ཞིག་བྱས་ཏེ་བསྡད་ཆོག་གི་རེད་ཅེས་གསུངས་ཡོད་པ་རེད། འོས་བསྡུའི་སྐབས་དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་པ་ཡིན་ན་གཅིག་མཚུངས་ངོས་ལེན་གནང་གི་རེད། དམངས་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་མང་པོའི་ནང་དམར་ཤོག་ཚོགས་པ་ཡོད་པ་རེད། མཚམས་རེར་དམར་ཤོག་ཚོགས་པ་དེ་ཚོར་འོས་ཐོབ་སྟེ་གཞུང་བཟུང་བསྡད་པ་དེ་འདྲ་ཡོད་པ་རེད། གཉིས་ནས་རྒྱ་ནག་ཁོ་རང་ཡང་རིམ་གྱིས་འགྱུར་བ་མ་ཐེབས་པར་གནས་ཐུབ་ཐབས་ཡོད་པ་མ་རེད་བསམ་གྱི་འདུག དམངས་གཙོིའི་ལམ་སྲོལ་དེ་རྒྱ་ནག་མི་མང་དུང་ཕྱུར་ ༡༣ གྱི་མངོན་འདོད་རེད།

 

དྲི་བ། ང་ཚོས་བཙན་བྱོལ་ནང་ལས་དོན་ཡོངས་རྫོགས་བོད་ནང་གི་ཆེད་དུ་ཡིན་ཟེར་གྱི་ཡོད་པ་རེད། ང་ཚོས་ཕྱི་རྒྱལ་རོགས་ཚོགས་དེ་འདྲ་བརྒྱུད་དེ། བོད་ནང་གི་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་དང་སྤྱི་ཚོགས་འཛུགས་སྐྲུན་སོགས་ཀྱི་ཐད་རོགས་བྱེད་ཐུབ་པའི་ལམ་ཁ་ཡོད་དམ།

 

ལན། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་སྐབས་སུ་བཀའ་ཤག་ནས་བོད་ནང་རོགས་རམ་གནང་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་ཞིག་བཏོན་ཡོད་པ་རེད། བོད་ནང་མ་རྩ་འཛུགས་ཕྱོགས་སྐོར་ལ་ང་ཚོའི་མང་ཚོགས་ཀྱི་ངོས་ནས་ལས་འགུལ་སྤེལ་ཏེ་ལས་འཆར་མཚམས་འཇོག་བྱེད་དགོས་ཆགས་པའང་བྱུང་ཡོད། དེ་བཞིན་རོགས་ཚོགས་འདྲ་མིན་ནས་བོད་ནང་ལས་འཆར་མང་པོ་ཞིག་སྤེལ་གྱི་ཡོད་པ་དེ་ཚོ་ཕན་ཐོགས་ཆེན་པོ་མཐོང་གི་ཡོད། ཆབ་སྲིད་དང་འབྲེལ་བ་མེད་པའི་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་སོགས་ཀྱི་ཐོག་ལ་ཕྱི་རྒྱལ་རོགས་ཚོགས་ཁག་ལ་ལམ་སྟོན་ཁ་གསལ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག

 

དྲི་བ། སྐུ་ཉིད་ཀྱིས་ལམ་སྔོན་འགྲོའི་འོས་བསྡུའི་རྗེས་སུ་བརྒྱུད་ལམ་ཁག་ནང་གསུང་བཤད་གནང་སྐབས། རྒྱ་ནག་གིས་བོད་དོན་སེལ་རྒྱུའི་འདུན་པ་བསྟན་པའི་སྐབས་ལ་ང་ཚོས་གྲ་སྒྲིག་གཞན་པ་ག་རེ་བྱེད་དགོས་ཀྱི་འདུག དེའི་ཐོག་སེམས་ནང་འཆར་གཞི་གསལ་བོ་ཡོད་གསུངས་སོང་། འཆར་གཞི་ག་རེ་ཡོད་པ་རོབ་ཙམ་གསུངས་ན་འགྲིག་གམ།

 

ལན། འཆར་གཞི་དང་ཐབས་ཇུས་རིགས་དེ་སྔོན་ལ་བསྒྲགས་བཞག་པ་ཡིན་ན་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། ང་རང་གི་སེམས་ནང་བང་བསྒྲིགས་བཞག་ཡོད། ང་རང་གིས་སྔོན་མ་འཛམ་གླིང་གི་རང་སྐྱོང་མང་པོ་ཞིག་ལ་ཉམས་ཞིབ་བྱས་པ་ཡིན། མཁས་དབང་ཚོ་གདན་འདྲེན་ཞུས་ཏེ་སློབ་སྦྱོང་བྱས་པ་རེད། དབུ་མའི་ལམ་གྱི་སྲིད་ཇུས་རྨང་གཞིར་བཞག་སྟེ་གོམ་པ་གཉིས་པ་ཞིག་རྒྱ་ནག་གཞུང་གིས་ཀྱང་ངོས་ལེན་མི་གནང་ཐབས་མེད་ཡིན་པ། བོད་པ་ཚོར་ཡང་ཁེ་ཕན་ཡོད་པ་དང་། བོད་པའི་མི་རིགས་ཀྱི་ངོ་བོ་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་དེ་འདྲའི་ལམ་ཁ་གཉིས་པ་ཞིག་འདོན་རྒྱུར་གྲ་སྒྲིག་ཨང་གསར་ཡོད། ང་སྲིད་སྐྱོང་ཆགས་པ་དང་མཉམ་དུ་འཆར་གཞི་དེའི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཐོག་ཤུགས་རྒྱག་དགོས་བསམ་ཡོད། འདིའི་སྐོར་ངས་སྔོན་ཆད་༧གོང་ས་མཆོག་ལའང་སྙན་གསེང་ཞུས་སྐབས་ཁོང་གིས་ཀྱང་དགོངས་འཆར་ཧ་ཅང་ཡག་པོ་རེད་གསུངས་སོང་། ད་ལྟའི་འབྲེལ་བ་མཐུད་ཐབས་ཀྱི་ཐོག་ནས་ཀྱང་ཡིན་ལ་མིན་ལ་ཞིག་བྱས་ཏེ་བསྡད་བཞག་ན་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། བོད་པ་རང་གི་མི་སྣ་དང་རྒྱ་ནག་གི་གནད་ཡོད་མི་སྣ་དེ་འདྲ་བརྒྱུད་དགོས་ན་མ་རེད། དེ་བཞིན། རྒྱལ་ཁབ་གསུམ་པ་ཞིག་གི་མི་སྣ་བརྒྱུད་དགོས་ན་རེད། བོད་གཞིས་བྱེས་གཉིས་ནས་རེ་བའི་མིག་འབུར་བལྟས་བསྡད་ཡོད་པ་དེ་འབབ་ས་ཞིག་ལ་འབབ་ཏུ་འཇུག་དགོས་པ་རེད།

 

དྲི་བ། སྐུ་ཉིད་ཀྱི་གསུང་བཤད་ཁག་ཅིག་ནང་། དབུ་མའི་ལམ་ལ་ད་དུང་ཞིབ་ཇེ་ཚགས་སུ་གཏོང་དགོས་ས་འདུག་གསུངས་སོང་། དེའི་སྐོར་ཁ་ཇེ་གསལ་དུ་བཏང་ནས་ཞུ་རྒྱུ་ཡོད་དམ།

 

ལན། དབུ་མའི་ལམ་གྱི་ལྟ་གྲུབ་དེའི་འོག་ནས་ང་ཚོས་རང་སྐྱོང་རྩོད་ཀྱི་ཡོད་པ་རེད། རང་སྐྱོང་ཟེར་བ་དེ་རྡོ་ལ་རི་མོ་བརྐོས་པ་ལྟ་བུ་ཞིག་མ་རེད། དངོས་ཡོད་གནས་སྟངས་ལ་གཞིགས་པའི་བརྐྱང་བསྐུམ་མང་པོ་བྱེད་རྒྱུ་ཡོད་པ་ཞིག་རེད། དབུ་མའི་ལམ་གྱི་སྲིད་བྱུས་འདི་བརྒྱུད་ནས་བོད་ནང་གི་སྐབས་འཕྲལ་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་གང་འདྲ་འདུག་གམ། ཕུགས་ཕན་གྱི་ལས་འཆར་ག་རེ་རྩོམ་དགོས་ཀྱི་འདུག  རྒྱ་ནག་མི་མང་ལ་བོད་ཀྱི་དཀའ་རྙོག་དང་། དབུ་མའི་ལམ་གྱི་སྲིད་ཇུས་ངོ་སྤྲོད་ག་འདྲ་བྱེད་དགོས་ཀྱི་འདུག དཔེར་ན། བོད་ནང་གི་བོད་མི་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས་ལ་སློབ་སྦྱོང་ཞིབ་ཚགས་བྱས་ཏེ། དེའི་ནང་གི་ཐོབ་ཐང་རྩོད་ཐུབ་པ་དང་། ལས་དོན་ག་རེ་བྱས་ཀྱང་ཁྲིམས་སྒྲིག་ལུང་འདྲེན་ཐུབ་པ་དང་། རྒྱུ་མཚན་གནས་ལུགས་ལྡན་པའི་ཐོག་ནས་འགྲོ་ཐུབ་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོའི་ངོས་ནས་ཀྱང་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་བྱེད་དགོས་པ་དེ་ཡང་གལ་ཆེན་པོ་རེད།

 

དྲི་བ། མདོ་སྟོད་ནང་ཁྱེད་རང་ལ་རྒྱབ་སྐྱོར་གནང་མཁན་ཉུང་བའི་རྣམ་པ་ཞིག་འདུག སྐུ་ཉིད་ཀྱིས་ཉེ་ལམ་ནེའུ་ཡོག་ནས་གསུང་བཤད་གནང་སྐབས་ཀྱང་དེའི་སྐོར་རོབ་ཙམ་གསུངས་སོང་། མདོ་སྟོད་མི་མང་ནང་ཁྱེད་རང་ལ་རྒྱབ་སྐྱོར་ཉུང་བའི་རྒྱུ་མཚན་གང་ལ་ངོས་འཛིན་གནང་གི་ཡོད།

 

ལན། སྤྱིར་བཏང་མདོ་སྟོད་ནང་ང་ལ་རྒྱབ་སྐྱོར་མེད་པ་མ་རེད། ཉེ་ལམ་ཨ་རི་དང་ཡུ་རོབ་ནང་སྐད་ཆ་བཤད་དུ་འགྲོ་སྐབས། སུད་སིར་གཏམ་བཤད་གོ་སྒྲིག་གནང་མཁན་མདོ་སྟོད་རེད། དེ་བཞིན། ཨ་རིའི་ཝ་ཞིན་ཊོན་ཌེ་སི་དང་། མེ་ནི་སོ་ཊིར་གོ་སྒྲིག་གནང་མཁན་མདོ་སྟོད་རེད། ཊོ་རོན་ཊོན་གོ་སྒྲིག་ཞུ་སྐབས་ཆོལ་ཁ་གསུམ་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བ་རེད། ཡིན་ནའང་མདོ་སྟོད་མི་མང་ནང་ང་མདོ་སྟོད་ལ་དགའ་ཡི་མ་རེད་ཟེར་བའི་སྐད་ཆ་ཞིག་འགྲོ་བསྡད་ཡོད་པ་ངས་གོ་སོང་། དེ་མདོ་སྟོད་ཀྱི་མི་རེ་གཉིས་ཤིག་གིས་ང་ལ་དགའ་མིན་དགའ་དོགས་ཀྱིས་མདོ་སྟོད་མི་མང་ནང་དཀྲོག་གཏམ་བཟོས་བཞག་པ་ཞིག་རེད་བསམ་གྱི་འདུག དེ་ཡང་ཁ་གསལ་བོ་བྱས་ཏེ་ཞུས་ན། སྐད་ཆ་དེ་རིགས་བཟོ་མཁན་མི་ཉུང་ཤས་ཤིག་རེད། ཁོ་རང་ཚོའི་རྗེས་སུ་འབྲང་མཁན་ནང་དཀྲོག་གཏམ་དེ་རིགས་བྲིན་གྱི་ཡོད་ན་མ་གཏོགས། སྤྱི་ཡོངས་མདོ་སྟོད་མི་མང་གིས་སྐད་ཆ་དེ་རིགས་ལ་ཡིད་ཆེས་གནང་གི་མ་རེད་བསམ་གྱི་འདུག སྤྱིར་བཏང་བྱས་ན་ངས་ད་སྔ་ཆོལ་ཁ་གསུམ་ལ་ཁྱད་པར་བཟོས་པ་ཞིག་གཏན་ནས་མེད་ལ། མ་འོངས་པར་ཡང་དེ་འདྲ་མི་བྱེད་རྒྱུར་སོ་སོར་དམ་བཅའ་བརྟན་པོ་ཡོད།

 

དྲི་བ།  སྤྱི་ཚོགས་ནང་ཁྱེད་རང་ལ་སྐྱོན་བརྗོད་གཙོ་བོ་དེ་ཁྱེད་རང་གི་སྐྱེས་དམན་དང་འབྲེལ་ཏེ་ཀ་སྟག་སྤྲུལ་སྐུ་གྲོངས་རྐྱེན་སྐོར་རེད། དེའི་སྐོར་ལ་ཁྱོད་རང་ལ་གསལ་བཤད་འདྲ་ཡོད་དམ།

 

ལན། འདིའི་སྐོར་ལ་ངས་གསལ་བཤད་ཐེངས་མ་མང་པོ་ཞུས་ཟིན་པ་ཡིན། མི་ཁ་ཤས་ཤིག་གིས་དམིགས་ཡུལ་ངེས་ཅན་ཡོད་པའི་སྒོ་ནས་ང་ལ་གཞི་མེད་ཉེས་འཛུགས་བྱེད་ཀྱི་ཡོད་པ་རེད། སྐྱག་རྫུན་དེ་རིགས་སྐྱག་རྫུན་རང་རེད། འདིའི་ཐད་ང་ལ་གསལ་བཤད་ཞུ་ཡག་ཅིག་ཡོད། ན་ནིང་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་སྤྱི་འཐུས་ཤིག་གིས་ང་ལ་སྐྱོན་འཛུགས་དེ་བྱས་པའི་རྗེས་ལ་ཕྱི་ཚེས་ ༢༦ ཉིན་༧གོང་ས་མཆོག་ཨ་རི་ནས་ཕྱིར་ཕེབས་ཏེ་ང་ཚོ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས། སྲིད་སྐྱོང་མཆོག་དང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བཅས་ང་ཚོ་ཚང་མ་ཡོད་ས་ནས་༧གོང་ས་མཆོག་གིས་བཀའ་ཤག་ནས་གཙང་མ་བཟོས་ཞེས་གསུངས་སོང་། དེའི་རྗེས་ལ་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ངས་སྲིད་སྐྱོང་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་ལ་གནས་ཚུལ་དེ་འཕྲལ་དུ་གཙང་བཟོ་གནང་རོགས་ཞེས་ཡིག་ཐོག་ནས་སྙན་ཞུ་ཕུལ་ཡོད། དེའི་ངོ་བཤུས་དགའ་ལྡན་ཕོ་བྲང་ལའང་ཕུལ་ཡོད། ཡིན་ནའང་སྲིད་སྐྱོང་དང་བཀའ་ཤག་ནས་ད་བར་གནད་དོན་དེར་ལག་པ་མ་འཆང་བར་བཞག་ཡོད་པ་རེད། སྲིད་སྐྱོང་གིས་གནད་དོན་དེ་གཙང་མ་བཟོ་རྒྱུའི་ཚབ་ལ་ད་དུང་ཨ་རིར་དེའི་སྐོར་ལ་དོགས་སློང་ཁྱད་མཚར་དེ་འདྲ་བྱས་འདུག

 

དྲི་བ།  སྲིད་སྐྱོང་འོས་མི་དང་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།

 

ལན། ༸རྒྱལ་བ་རིན་པོ་ཆེའི་མཚན་གནས་དང་འབྲེལ་བའི་གནད་དོན་དང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལ་སོགས་པར་ཐུག་ཡོང་དུས་སྲུང་སྐྱོབ་བྱེད་དགོས་པ་དེ་རིགས་སྲུང་སྐྱོབ་ཏག་ཏག་གནང་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། དོལ་རྒྱལ་གྱི་རྙོག་དྲ་ལ་གདོང་ལེན་བྱེད་རྒྱུ་དང་། དབུ་མའི་ལམ་ཀྱི་སྲིད་བྱུས་ལ་སྲུང་སྐྱོབ་བྱེད་ཡག ༸རྒྱལ་བ་རིན་པོ་ཆེ་ལ་གཞི་མེད་སྐྱོན་འཛུགས་བྱེད་སྐབས་འགན་ལེན་ཐུབ་ཀྱི་ཡོད་པ་མ་རེད། བཀའ་བློན་དང་ལས་བྱེད་ཉམས་མྱོང་ཅན་དེ་ཚོ་མཉམ་དུ་ཁྲིད་ཐུབ་ཀྱི་ཡོད་པ་མ་རེད། གཉིས་ནས་ལས་དོན་མང་པོ་ཞིག་མགོ་འཛུགས་མ་བྱས་སྔོན་ནས་གསལ་བསྒྲགས་གནང་གི་ཡོད་པ་དེ་རེད། དེས་ལས་དོན་མང་པོ་ཞིག་ལམ་ལྷོང་ཡོང་རྒྱུར་འགོག་རྐྱེན་འཕྲད་ཀྱིན་འདུག དཔེར་ན། ཨ་རིར་མི་ལྔ་སྟོང་གཏོང་རྒྱུའི་སྐད་ཆ་དེ་ཡང་སྲིད་སྐྱོང་གིས་ས་གནས་རེ་ཟུང་ནང་གསུངས་འདུག་པ་དང་། བོད་སློབ་འཛིན་ཚོགས་རྩིས་ལེན་སྐོར་ཡང་གསུང་མ་རན་གོང་ནས་གསུངས་ཏེ་འགོག་རྐྱེན་མང་པོ་འཕྲད་བསྡད་པ་རེད། དེ་ནས་བྱས་རྗེས་བགྲང་རྒྱུ་ཐལ་དྲགས་ཀྱི་འདུག  བཀའ་ཤག་སྔོན་མའི་ཕྱག་ལས་གནང་བཞག་པ་དང་། ཚོགས་གཙོ་ཚོགས་གཞོན་གྱིས་བྱས་བཞག་པ། ཐ་ན་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་སོགས་ཀྱང་ཁོ་རང་གི་བྱས་རྗེས་ནང་བགྲང་གི་འདུག

 

བཟང་ཆའི་ཕྱོགས་ནས་བཤད་ནའང་མང་པོ་ཞིག་ཡོད་པ་རེད། གལ་ཆེ་བ་གཅིག་དཔལ་འབྱོར་འདུ་འགོད་ཐོག་དཀའ་ལས་བརྒྱབ་སོང་བསམ་ཡོད། གཉིས་པ་ཁོ་རང་ཐོག་མ་སྲིད་སྐྱོང་ཆགས་པའི་ཁ་ཐུག་ལ་བོད་ནང་གནས་ཚུལ་མང་པོ་ཞིག་བྱུང་བསྡད་ཡོད་པ་སོགས་ལ་བརྟེན་ཏེ་ཕྱི་རྒྱལ་ཁག་ལ་སྐོར་སྐྱོད་མང་པོ་ཞིག་གནང་སོང་། དེ་བཞིན་ཁོང་གིས་དབྱིན་ཡིག་ཐོག་ནས་བོད་དོན་ཁྱབ་བསྒྲགས་ཀྱི་རྩོམ་ཡིག་རེ་གཉིས་བྲིས་པ་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་ལ་སྤེལ་ཐུབ་པ་དེ་ཡག་པོ་རེད་བསམ་གྱི་འདུག

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༦/༠༣/༠༢

Leave a Reply

6 thoughts on “སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས།

  1. སྲིད་སྐྱོང་འོས་མི་གཉིས་ཀྱི་དྲིས་ལན་ལས་ཀྱང་གསར་འགོད་པས་དྲི་བ་དག་གིས་བསམ་ཞིག་མང་བ་སྤྲད་སོང་།

  2. ཚོགས་གཙོ་མཆོག་གི་དྲིས་ལན་ལ་བལྟས་ཡོང་ན་སྤྱི་སེམས་ཅན་གྱི་མི་ཞིག་ཡིན་པ་ཤེས་ཐུབ་གི སྐད་ཆ་གསར་ཞིག་གོ་བ་ནི་ཀ་སྟག་སྤྲུལ་སྐུ་ལས་འཕྲོས་པའི་རྩོད་ཉོག་ཏེ་༧སྐུ་མདུན་ནས་བཀའ་ཤག་གིས་གཙང་མ་བཟོ་དགོས་པའི་་བཀའ་ཕེབས་བཞིན་དུ་ད་བར་ལག་པ་མ་འཆིང་བ་དེ་ལ་དོག་པ་ཞིག་འདུག ངས་བསམ་ན་དེ་གཙང་མ་བཟོས་བཞག་པ་ཡིན་ན་ད་ལྟའི་འོས་འགྲན་གྱི་ཁྲོད་ནས་ཚོགས་གཙོ་མཆོག་ལ་ཉེས་འཛུགས་བྱེད་སྤྱད་ཀྱི་ལག་ཆ་གཙོ་བོ་གཅིག་མེད་པར་ཆགས་འགྲོ་བས། སྲིད་སྐྱོང་ལས་ཐོག་པས་༧གོང་ས་མཆོག་གི་བཀའ་སྣང་མེད་དུ་བཞག་ནས་རང་ཉིད་སྲུང་སྐྱོབས་བྱས་པ་རེད། གཞི་མེད་ཉེས་འཛུགས་དེ་ལ་བརྟེན་ནས་མདོ་སྟོད་པ་མང་པོ་ཞིག་ཚོགས་གཙོ་མཆོག་ལ་དགའ་ཡི་མེད་པ་རེད།