དམངས་གཙོ་བཤལ་སྐྱུག

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

མང་ཚོགས་ཀྱིས་བསམ་བློ་རྒྱ་ཆེན་པོ་གཏོང་དགོས། སྲིད་སྐྱོང་དང་སྤྱི་འཐུས་ཚོ་བོད་སྤྱི་དོན་ལ་ལས་ཀ་བྱེད་མཁན་རེད། ཁྱོད་ཀྱི་ཆོལ་ཁ་ནས་སྲིད་སྐྱོང་ཞིག་ཕེབས་ན་ཁྱོད་ཀྱི་ཆོལ་ཁར་ཅི་ཞིག་ཕན་གྱི་རེད། ང་ཡི་ལུང་ཚན་ནས་སྤྱི་འཐུས་ཤིག་བསླེབ་ན་ངའི་ལུང་ཚན་ལ་གང་ཞིག་རེག་གི་རེད། ཁྱོད་ཀྱི་ཆོལ་ཁའི་ལ་རྒྱ་ཞིག་དང་ངའི་ལུང་པའི་སྤོབས་པ་ཞིག་ཟིན་སོང་དྲན་སྲིད་མོད། ལ་རྒྱ་རྩོད་ས་དང་སྤོབས་པ་ངོམས་ས་དེའང་བོད་པ་རང་གི་སྤྱི་ཚོགས་ཆགས་ཡོད། ང་ཚོའི་ཁ་གཏད་རྒྱ་ནག་གིས་ཁྱོད་ཀྱི་ཆོལ་ཁ་དང་ངའི་ལུང་ཚན་ངོ་མི་ཤེས་ལ། རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་དེ་བས་ཀྱང་འབྲེལ་བ་མེད།

སྲིད་སྐྱོང་གི་ལས་ཡུན་ལོ་ལྔ་དང་མང་ན་བཅུ་རེད། སྤྱི་འཐུས་ཚོར་ཡང་ཤེས་འཇོན་ཉིས་ལྡན་སྟེང་ལ་རྒྱབ་དཔུང་མཐུག་པོ་མེད་ན་ལོ་ལྔ་རེད། བོད་མི་རིགས་ཀྱི་ལ་རྒྱ་དང་མཛའ་བརྩེ་བོད་མི་རིགས་ཇི་སྲིད་བར་གནས་བ་དེ་སྲིད་དུ་གནས་དགོས། ཁ་སང་དེ་རིང་གི་བཀའ་སྤྱིའི་འོས་བསྡུའི་གནས་ཚུལ་ལ་བལྟས་ཡོང་ན། མང་ཚོགས་ཀྱི་ཁོག་པས་དམངས་གཙོ་འཆུམས་ཀྱི་མི་འདུག འོས་བསྡུའི་ཉེ་སར་གཏུག་གིན་གཏུག་གིན་མང་ཚོགས་འདྲོག་མགོ་ཇེ་མཐོ་ནས་ཇེ་མཐོ་རེད། མང་ཚོགས་ལ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ཚོ་ལས་ལྷག་གི་རྔམ་སྐྲག་ཅིག་ཡོང་གི་འདུག འདིར་བལྟས་ཡོང་ན་འུ་ཚང་གིས་དམངས་གཙོ་ལག་ལེན་བྱེད་མགོ་སྔ་དྲགས་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་ཡོང་གི་འདུག

ང་ཚོའི་ད་ལྟའི་སྲིད་སྐྱོང་འོས་མི་གཉིས་ལས་གཅིག་སྲིད་སྐྱོང་ལས་ཐོག་རེད། གཅིག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རེད། གཉིས་ཀའི་ལས་གནས་ཧ་ཅང་གནད་འགག་དང་། ང་ཚོའི་སྤྱི་ཚོགས་ནང་གི་གོ་གནས་མཐོ་ཤོས་དེ་རེད། དམངས་གཙོའི་འོས་འགྲན་ཁྲོད། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་ཚོས་ཕན་ཚུན་ལ་གཞི་རྩ་མེད་པའི་སྐྱོན་བརྗོད་དང་། ཁུངས་ལུང་མེད་པའི་ཉེས་འཛུགས་བྱས་ན་གནས་ཚུལ་ཐ་དད་རེད། དེ་ལས་གཞན་པའི་གང་ཞིག་འཇོན་གྱི་མེད་པ་དང་འཐུས་ཤོར་ཅི་ཞིག་བཏང་བ། སོ་སོས་དེ་ལས་ལྷག་གི་གང་ཞིག་ནུས་པ་དང་ཅི་ཞིག་འཇོན་པ་སོགས་ཁ་སངས་ནས་བཤད་པའི་དུས་ལ་བསླེབས་ཡོད་ལ། འདི་དམངས་གཙོའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཆགས་ཡོད།

ད་ལྟའི་སྲིད་སྐྱོང་འོས་མི་གཉིས་ལ་མཚོན་ན། ཁོ་གཉིས་ཀྱིས་ཕན་ཚུན་གྱི་འདས་པའི་ལས་ཀའི་གྲུབ་འབྲས་དང་ཤེས་ཡོན་འཇོན་ཐང་། དགོངས་པ་བཞེས་ཕྱོགས་སོགས་གསལ་བོར་མཁྱེན་གྱི་ཡོད། ཕ་རོལ་བོས་འདས་པའི་ལས་ཀའི་བརྒྱུད་རིམ་ཁྲོད་འཐུས་ཤོར་གང་དུ་བཏང་འདུག ནོར་འཁྲུལ་ཇི་ལྟར་བཟོས་འདུག དེ་བཞིན། མ་འོངས་པར་གནོད་སྐྱོན་ག་རེ་ཡོང་ས་རེད། དེ་དག་རེ་རེ་བཞིན་ཐེར་འདོན་བྱས་ཏེ་མང་ཚོགས་ཀྱི་མདུན་སར་སྤུངས་བའི་དུས་ལ་བསླེབས་ཡོད་ལ། དེ་དང་མཉམ་དུ་སོ་སོར་དེ་ལས་ལྷག་གི་ཤེས་ཡོན་འཇོན་གང་ཞིག་ཡོད་པ་དང་། མ་འོངས་བྱེད་འཆར་དང་དམིགས་ཚད་ཅི་ཞིག་ཡོད་པ་སོགས་ཀྱང་མང་ཚོགས་ཀྱི་མདུན་ལ་འདེབས་དགོས།

རྟ་ཕོ་གདང་ཁར་བཏགས་ན་གུང་ཐང་གཞན་གྱིས་གཅོད། ཟེར་བ་ལྟར་འདས་པའི་སྐྱོན་དང་ནོར་འཁྲུལ་སུ་ལ་མང་བ་དང་། མ་འོངས་བྱེད་འཆར་དང་ཐབས་ཇུས་སོགས་སུ་ཞིག་གི་དེ་གནད་དུ་ཁེལ་ཞིང་ཁ་ཡོད་ལག་ཡོད། དངོས་དོན་དང་འཚམས་པ་ཡིན་མིན་མང་ཚོགས་ཀྱིས་ཐག་གཅོད་གི་རེད། འདི་དམངས་གཙོའི་འོས་འགྲན་སྤྱི་བྱིངས་ཀྱི་འགྲོ་སྟངས་ཤིག་ཡིན་པ་ལས། ས་ཁུལ་དང་མི་རིགས་བར་གྱི་འཐེན་འཁྱེར་ཞིག་མིན་ལ། གང་ཟག་སྒེར་བའི་བར་གྱི་འཁོན་རྩོད་དེ་བས་ཀྱང་མིན། བོད་པའི་སྤྱི་ཚོགས་ཀྱིས་སྤྱི་དོན་སྒེར་དོན་ནང་བསྲེས། སྒེར་དོན་སྤྱི་དོན་ལ་རིགས་འགྲེས་ཏེ་ཉོག་དཀྲུག་གིན་འདུག དམངས་གཙོ་མ་འཆུམས་པར་རྐུབ་ནས་བཤལ་ཏེ་ཁ་ནས་སྐྱུག་གིན་འདུག

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply