རྫུན་རྐུབ་རྫུན་འགེབ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༩༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྔར་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། བཀའ་ཤག་གིས་དུས་འཁོར་དབང་ཆེན་ཐེངས་སོ་བཞི་པ་ཕྱི་འགྱང་གི་གསལ་བསྒྲགས་སྤེལ། སྐབས་དེར་མཛད་འཕྲིན་ཉུང་འཕྲི་གཏོང་ཆེད་ཡར་༧གོང་ས་མཆོག་ལ་ཞུས་ནས་དེ་ལྟར་ཐག་གཅོད་གནང་བ་ཡིན་ཟེར། ཟླ་སྔོན་མའི་ཚེས་ལྔ་ཉིན་བཀའ་ཤག་གིས་སླར་ཡང་གསལ་བསྒྲགས་གཉིས་པ་སྤེལ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་བཀའ་ཤག་ལ་མར་ཕེབས་ཏེ་༧གོང་ས་མཆོག་ལ་སྨན་བཅོས་ཆེད་དུས་དབང་ཕྱི་འགྱང་གནང་དགོས་པའི་བཀའ་གནང་ཚུལ་བསྒྲགས། ཐེངས་སྔོན་མར་མཛད་འཕྲིན་ཉུང་འཕྲི་གཏོང་ཆེད་ཡིན་ཚུལ་བསྒྲགས་པ་དེ་མང་ཚོགས་ནང་བློ་གཡེང་དང་འུར་འདྲོག་མི་ཡོང་ཆེད་ཡིན་ཟེར།

༧གོང་ས་མཆོག་ལ་སྨན་བཅོས་བྱ་དགོས་པ་བསྒྲགས་ན་མང་ཚོགས་ཀྱིས་བློ་གཡེང་བྱེད་པར་དོགས་ན། ཅི་ཡིན་འདི་ཡིན་ཁ་གསལ་མེད་པར་གློ་བུར་དུ་དུས་དབང་ཕྱི་འགྱང་གནང་ན་མང་ཚོགས་ཀྱིས་བློ་གཡེང་གནང་གི་མ་རེད་དམ། མང་ཚོགས་ལྐུག་པ་མ་རེད། ༧གོང་ས་མཆོག་ཕྱི་ཟླ་དགུ་བར་དབྱིན་ཡུལ་དང་བཅུ་བར་ཨ་རི། བཅུ་གཅིག་བཅུ་གཉིས་ལ་རྒྱ་གར་ནང་གསུང་ཆོས་ཡོད་པ་སོགས་ཀྱི་མཛད་འཕྲིན་ཆུང་ཁག་ཕྱིར་འགྱང་མི་གནང་བར། བོད་ཕྱི་ནང་གཉིས་དང་འཛམ་གླིང་ལ་བསྒྲགས་ཚར་བའི་དུས་འཁོར་དབང་ཆེན་ཕྱི་འགྱང་གནང་ན། མང་ཚོགས་ནང་བརྡབ་གསིག་དང་དོགས་པ་རྣམ་རྟོག་ཆེ་རུ་འགྲོ་རྒྱུ་ཡིན་པ་ཅིའི་ཕྱིར་བཀའ་ཤག་གི་དགོངས་པར་མ་འཁོར་རམ།

དེ་ནི་བཀའ་ཤག་གིས་མང་ཚོགས་ལྐུག་པའི་སར་བཞག་པ་མ་ཟད། མང་ཚོགས་ལ་བདེན་པ་བཤད་རྒྱུའི་བཟང་སྤྱོད་ཀྱི་འགན་ཙམ་ཡང་མ་འཁུར་བ་རེད། དེའི་མཇུག་འབྲས་ལ་བཀའ་ཤག་གིས་གསལ་བསྒྲགས་སྔ་ཕྱི་གཉིས་སྤེལ་ཡང་། ད་ལྟ་ད་དུང་མང་ཚོགས་ལ་གསལ་བོ་ཆགས་པའི་ཚབ་ཏུ། སྔར་ལས་མགོ་ཉོག་པོ་དང་དོགས་པ་ཐེ་ཚོམ་ཆེ་རུ་ཕྱིན་ཡོད་པ་མ་ཟད། སྤྱི་ཚོགས་ནང་གླེང་རྙོག་ཀྱང་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད། ད་ལྟ་དུས་འཁོར་དབང་ཆེན་བཀའ་ཤག་གིས་ཕྱི་འགྱང་གནང་པ་ཡིན་ནམ་དགའ་ལྡན་ཕོ་བྲང་གིས་ཕྱི་འགྱང་གནང་བ་ཡིན་དེ་གཙོ་བོ་མ་རེད། སུས་ཀྱང་ཁ་གསལ་ཁུངས་དག་བཟོ་མ་ཐུབ་པའམ། ཡང་ན། ཆེད་དུ་གསལ་བོ་བཟོ་མ་འདོད་པ་དེ་ནི། དུས་འཁོར་དབང་ཆེན་ཅིའི་ཕྱིར་ཕྱི་འགྱང་གནང་དེ་རེད།

སྤྱི་ཚོགས་ནང་གཏམ་ཡན་ཞིག་ཁྱབ་བཞིན་ཡོད་པ་ནི། བཀའ་ཤག་གི་ཕྱག་ལས་གནང་སྟངས་ཤིག་གི་དབང་གིས་༧གོང་ས་མཆོག་དགོངས་པ་འཚོམས་ཏེ་དུས་འཁོར་དབང་ཆེན་ཕྱི་འགྱང་གནང་སོང་ཟེར་བ་འདི་རེད། དེ་སྔ་༧གོང་ས་མཆོག་གིས་ཞལ་བཞེས་གནང་ཡོད་པའི་ལས་དོན་ཞིག་ལ་བཀའ་ཤག་གིས་ངོས་ལེན་མ་གནང་སྟབས། ༧གོང་ས་མཆོག་གིས་ “དུས་འཁོར་དབང་ཆེན་འདི་ཆབ་སྲིད་ཆགས་ཀྱི་འདུག་ལབ་ཀྱི་ཡོད་པ་རེད་ལ། ད་དངོས་གནས་ཆབ་སྲིད་ཆགས་ཡོང་གི་འདུག་གཱ དེ་ཡག་པོ་མི་འདུག དུས་འཁོར་དབང་ཆེན་ཕར་འགྱངས་ཤོག” གསུངས་སོང་ཟེར་བ་འདི་རེད།

དེ་དང་མཉམ་དུ་ནག་ཁུང་གི་དྲི་བ་ཆེན་པོ་འགའ་ནི། ༧གོང་ས་མཆོག་དགོངས་པ་ཕྲན་བུ་འཚོམས་པ་ཙམ་གྱིས་གནད་དོན་ཆེན་པོ་ཞིག་དེ་ལྟར་ཐག་གཅོད་གནང་སྲིད་དམ། དགའ་ལྡན་ཕོ་བྲང་གིས་ད་སྔ་དུས་དབང་ཕྱིར་འགྱངས་སྐོར་ལ་གསལ་བཤད་གང་ཡང་མི་གནང་དོན་ཅི་ཡིན་ཟེར་བ་འདི་དག་རེད། གལ་སྲིད་སྤྱི་ཚོགས་ནང་གི་གཏམ་ཡན་དེ་བདེན་པ་ཡིན་ཚེ། བཀའ་ཤག་གིས་གསལ་བསྒྲགས་སྔ་ཕྱིར་སྤེལ་བ་དེ་དག་རྫུན་རྐུབ་རྫུན་གྱིས་བཀབ་པ་ཞིག་ཆགས་ཡོད་པ་མ་ཟད། ཡར་༧གོང་ས་མཆོག་ལ་དབུ་སྐོར་དང་། མར་མང་ཚོགས་ལ་ཞལ་རྫུན་གསུངས་པ་ཞིག་ཆགས་ཡོད་སྟབས། སྲིད་སྐྱོང་དབུས་པའི་བཀའ་ཤག་གིས་༧གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས་པ་མ་ཟད། བོད་རྒྱ་ཆེའི་མི་མང་ལའང་དགོངས་སེལ་ཞུ་དགོས་པ་ཆགས་ཡོད།

བསྐྱར་བཅོས།: ༢༠༡༦/༠༤/༡༩

Leave a Reply